མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་སྤྲོ་སེམས་འཁོལ་
བའི་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་02ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་སྤྲོ་སེམས་འཁོལ་
བའི་རྟེན་འབྲེལ་ཞུས་པ།

          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་31ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲུང་པུས་མི་དམངས་ཚོགས་ཁང་ཆེ་མོར་སྣེ་ལེན་ཚོགས་འདུ་གཟབ་རྒྱས་འཚོགས་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
           ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་སྣེ་ལེན་ཚོགས་འདུར་ཕེབས་པ་རེད།
          མི་དམངས་ཚོགས་ཁང་ཆེ་མོའི་གསོལ་སྟོན་ཁང་དུ་གློག་སྒྲོན་ལྷམ་མེར་འཕྲོས་ནས་དུས་ཆེན་གྱི་རྣམ་པ་ཟབ་མོ་ཞིག་མངོན་ཞིང་། ཆུ་ཚོད་18ཐོག་སྤྲོ་སྣང་ལྡན་པའི་《མགྲོན་བསུའི་རོལ་དབྱངས་》ཀྱི་སྒྲའི་ཁྲོད་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་གསོལ་སྟོན་ཁང་དུ་ཕེབས་ནས་ཀྲུང་ཕྱིའི་སྐུ་མགྲོན་1800ལྷག་ཙམ་དང་དགའ་སྤྲོ་ལྷན་འཛོམས་གནང་བ་རེད།
         སྣེ་ལེན་ཚོགས་འདུ་འགོ་ཚུགས་སྐབས་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་དང་། རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲུང་པུའུ་ཀྲང་གཅིག་ལྕོགས་ཁྲང་དབན་ཆོན་གྱིས་བཞེས་རག་བཀྱགས་ནས་སྨོན་ཚིག་གསུངས་པ་རེད།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བཞིན་དང་ཐོག་ཁོང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག གྲ་སྒྲིག་དམག་ཞབས་དམག་མི་དང་དེ་བཞིན་རྒྱ་ཆེའི་ཡུལ་དམག་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་འཐབ་ཕྱོགས་ནང་དཀའ་སྤྱད་ལས་དོན་སྒྲུབ་མཁན་བློ་མཐུན་ཚོར་ཟོལ་མེད་འཚམས་འདྲི་གནང་བ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འཛུགས་སྐྱོང་ཆེད་ལེགས་སྐྱེས་གལ་ཆེན་འབུལ་མཁན་ལས་འཁྱུར་ངལ་གསོ་བརྒྱབ་པའི་བློ་མཐུན་རྒན་གྲས་དང་། འཐབ་འཛིང་པ་རྒན་གྲས། ལས་སྒྱུར་དང་དམག་ཞབས་ཐིམ་པའི་དམག་མི། གསར་བརྗེའི་དབང་སྐྱོན་དམག་མི། སྔོན་གཤེགས་དཔའ་བོའི་ནང་མི་བཅས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ། “བརྒྱད་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་བློ་མཐུན་དང་། དཔུང་སྡེའི་དཔའ་བོ་དཔེ་བཟང་གི་འཐུས་མི། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གི་འཐུས་མི། རྒྱལ་ཡོངས་ཀྱི་དམག་དཔུང་གི་ལས་སྒྱུར་ལས་བྱེད་དཔེ་བཟང་བའི་འཐུས་མི་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ། དུས་ཡུན་རིང་པོའི་ནང་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། མི་དམངས་ཚོགས་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ། སྣེ་ལེན་ཚོགས་འདུར་ཕེབས་མཁན་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་པ་དང་། དྲག་དཔོན་དང་སྐུ་ཟླ་དང་དེ་བཞིན་སྐུ་མགྲོན་རྣམ་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།
         ཁྲང་དབན་ཆོན་གྱིས་ཀྲུང་གོ་གུང་ཁྲན་ཏང་གིས་བཏོད་པ་དང་འགོ་ཁྲིད་གནང་བའི་མི་དམངས་དམག་དཔུང་གིས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་ཆེད་ཉམས་མེད་མཛད་རྗེས་བཞག་ཡོད། ལོ་90ཡི་རིང་མི་དམངས་དམག་དཔུང་གི་ཞི་བདེའི་དཔུང་སྡེ་དང་། དྲང་བདེན་གྱི་དཔུང་སྡེ། ཟིལ་རྔམ་ལྡན་པའི་དཔུང་སྡེ་བཅས་ཀྱི་གཟུགས་བརྙན་ལ་འགྱུར་ལྡོག་ཕྱིན་མེད་ཅེས་གསུངས་པ་རེད།
         ཁྲང་དབན་ཆོན་གྱིས་དམག་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་མའོ་ཙེ་ཏུང་གི་དགོངས་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ། ཏང་དང་མི་དམངས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་མཐའ་གཅིག་ཏུ་ལེགས་སྒྲུབ་བྱས་ཏེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་མཛུབ་སྟོན་གནང་བ་རེད།
         སྣེ་ལེན་ཚོགས་འདུའི་ཐོག་ཞི་ཅིན་ཕིང་སོགས་ཀྱིས་དམག་དཔུང་གི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི་དང་། “བརྒྱད་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན། དམག་དཔུང་གི་དཔའ་བོ་དཔེ་བཟང་གི་འཐུས་མི། འཐབ་འཛིང་པ་རྒན་གྲས་ཀྱི་འཐུས་མི་བཅས་ལ་བཞེས་རག་བཀྱགས་ནས་གུས་ལུགས་མཚོན་པར་གནང་སྟེ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུས་པ་རེད།
          པེ་ཅིང་དུ་བཞུགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན། ཏང་དང་རྒྱལ་ཁབ་དང་ཀྲུང་དབྱང་དམག་ཨུད་ཀྱི་འགོ་ཁྲིད་ཀྱི་གོ་གནས་བཞེས་མྱོང་བའི་དམག་དཔུང་གི་བློ་མཐུན་རྒན་གྲས་སོགས་སྣེ་ལེན་ཚོགས་འདུར་ཕེབས་ཡོད་པ་རེད།