མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་སྣེ་ཁྲིད་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཡན་ལག་ཚོགས་པ་
དང་པོས་ཧུའུ་ཧོ་ཧའོ་ཐེའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་གཟིགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་11ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཡུས་ཀྲེང་ཧྲེང་གིས་ཚེས་9ཉིན་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཡན་ལག་ཚོགས་པ་དང་པོའི་སྣེ་ཁྲིད་དེ་ཧུའུ་ཧོ་ཧའོ་ཐེའི་གཞི་རིམ་སྡེ་ཁུལ་དང་ཁེ་ལས་ཚན་པར་བསྐྱོད་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ས་གནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲོད་མཚོན་པར་གནང་བ་རེད།
        ཚེས་9ཉིན་གྱི་སྔ་དྲོ་ཡུས་ཀྲེང་ཧྲེང་སོགས་བློ་མཐུན་ཨུ་ལན་ཕུའུ་ཡི་དྲན་གསོ་ཁང་དུ་ཕེབས་ཏེ་གསར་བརྗེ་པ་རྒན་གྲས་ཚོས་ཏང་དང་རྒྱལ་ཁབ་དང་དེ་བཞིན་མི་དམངས་ཆེད་བཞག་པའི་ལོ་རྒྱུས་མཛད་རྗེས་ལ་དྲན་གསོ་གནང་བ་རེད། ཡུས་ཀྲེང་ཧྲེང་གིས་རྩ་ཆེའི་ཚད་ལྡན་ཡིག་ཆའི་དཔྱད་གཞི་དང་། ལོ་རྒྱུས་ཀྱི་རིག་དངོས། འདྲ་པར་བཅས་ལ་གཟིགས་གནང་བ་མ་ཟད། འགྲེལ་བཤད་ནན་ཏན་ངང་གསན་པ་དང་འབྲེལ་བློ་མཐུན་ཨུ་ལན་ཕུའུ་ཡིས་ནང་སོག་རང་སྐྱོང་ལྗོངས་འཛུགས་ཆེད་ཕུལ་བའི་ཁྱད་དུ་འཕགས་པའི་ལེགས་སྐྱེས་དང་འོད་སྟོང་འཕྲོ་བའི་གསར་བརྗེའི་ལོ་རྒྱུས་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་དྲན་གསོ་ཁང་ནང་བློ་མཐུན་ཨུ་ལན་ཕུའུ་ཡི་གཟེངས་སུ་ཐོན་པའི་མཛད་རྗེས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་འདུག བློ་མཐུན་ཨུ་ལན་ཕུའུ་ཡི་བླ་ན་མེད་པའི་སྙིང་སྟོབས་དང་ཕུལ་བྱུང་ཀུན་སྤྱོད་དེ་རྒྱུན་ཆད་མེད་པར“བཀྲག་མདངས་འཚེར་བའི་ནང་སོག་བསྐྲུན་ནས་རླབས་ཆེན་ཀྲུང་གོའི་ཕུགས་འདུན་སྒྲུབ་པའི”སྟོབས་ཤུགས་ཆེན་པོར་སྒྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།
        སའེ་ཧན་ཆུས་ཀྱི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ཤིན་ཁང་སྡེ་ཁུལ་དུ་ཡུས་ཀྲེང་ཧྲེང་གཅིག་འཐུས་ཞབས་ཞུའི་ཚོམས་ཆེན་དུ་ཕེབས་ཏེ་ལས་དོན་མི་སྣར་སྡེ་ཁུལ་གྲོང་མིའི་ཞབས་ཞུའི་གནས་ཚུལ་བཀའ་འདྲི་གནང་ཞིང་། ཁོང་གིས་གྲོང་ཁྱེར་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་ས་དེ་སྡེ་ཁུལ་དུ་ཡོད་པར་བརྟེན་མཉམ་སྡོད་དང་། མཉམ་སློབ། མཉམ་སྒྲུབ། མཉམ་སྤྲོ་བཅས་ཀྱི་སྤྱི་ཚོགས་ཆ་རྐྱེན་གཏོད་ནས་མི་རིགས་ཁག་གི་མང་ཚོགས་སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད། ཡུས་ཀྲེང་ཧྲེང་ད་དུང་ཕུགས་འདུན་སྒྲུབ་པའི་དཔེ་ཁང་དང་ཕྱོགས་བསྡུས་བྱེད་སྒོ་ཁང་སོགས་སུ་ཕེབས་ནས་ཚང་མ་དང་ཕན་ཚུན་སྤེལ་རེས་གནང་བ་མ་ཟད། གྲོང་མི་ཚོའི་འཚོ་བ་ཡག་ཐོག་ཡག་བརྩེགས་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།
        དེ་རྗེས་ཡུས་ཀྲེང་ཧྲེང་གིས་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་འཐུས་མིར་མཇལ་འཛོམས་གནང་བ་དང་འབྲེལ་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་གྱིས་ནང་སོག་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུར་ཞུགས་ཤིང་། ས་གནས་ཀྱི་ལས་བྱེད་དང་མང་ཚོགས་ཀྱི་འཐུས་མིའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཡུས་ཀྲེང་ཧྲེང་གིས་ཚང་མར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་70འཁོར་བ་དེ་འགོ་འཛུགས་ས་གསར་པར་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་གཏིང་ཟབ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“7·26”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས་འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་། གྲུབ་ཆ་ལེགས་སྒྲིག སྒྱུར་བཅོས་ལ་སྐུལ་འདེད། དམངས་འཚོར་ཕན་པ། ཉེན་ཁ་འགོག་པ་བཅས་ཀྱི་ཐད་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བྱེད་པ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གསར་པ་སྤོ་རྒྱུར་སྐུལ་འདེད་བཏང་སྟེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུའི་སྐུལ་ལྕག་གནང་བ་རེད།
         ཚེས་9ཉིན་གྱི་སྔ་དྲོ་ཡུས་ཀྲེང་ཧྲེང་ནང་སོག་སའེ་ཁོ་ཤིན་མགོ་ཕྱུགས་ལས་རིགས་དང་སྐྱེ་དངོས་གསོ་སྤེལ་ལག་རྩལ་ཞིབ་འཇུག་ཁང་དུ་ཕེབས་ཏེ་ཚན་རྩལ་ཐོན་ལས་འཕེལ་རྒྱས་སྐོར་གྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ་ཚན་ཞིབ་མི་སྣ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་རེད། ཁོང་གིས་ཞིབ་སྤེལ་ཐད་མ་དངུལ་གཏོང་ཚད་མང་དུ་གཏོང་བ་དང་འབྲོག་ལས་འཕེལ་རྒྱས་ལ་འཕྲད་པའི་འགག་རྩ་དང་འཇུར་མིག་གི་གནད་དོན་སྟོན་ཕྱོགས་སུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལྟེ་བའི་ལག་རྩལ་དེ་བས་མང་པོ་ཁོང་དུ་ཆུད་པ་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
         ནང་སོག་རྩྭ་ཐང་སྣོད་བཅུད་ཁོར་ཡུག(ཚོགས་པ)མ་རྐང་ཚད་ཡོད་ཀུང་སིར་ཡུས་ཀྲེང་ཧྲེང་གིས་སྣོད་བཅུད་རྩྭ་ཐང་ཕ་ཡུལ་སྐྱེ་དངོས་ཁང་དུ་རྟོག་ཞིབ་གནང་སྟེ་སྣོད་བཅུད་སླར་གསོ་དང་རྩྭ་ཐང་ལས་རིགས་སྣོད་བཅུད་ཀྱི་གྲངས་གཞི་ཆེ་མོའི་ལས་སྟེགས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་རྩྭ་ཐང་སྣོད་བཅུད་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་ཆགས་རྒྱུར་སྐུལ་འདེད་བཏང་སྟེ་རྒྱུན་མཐུད་ངང་རྒྱལ་བབ་དང་ས་བབ་དང་འཚམ་པའི་ལྗང་མདོག་ཅན་གྱི་ལམ་བུ་འཚོལ་ཞིབ་བྱས་ནས་མཛེས་སྡུག་ལྡན་པའི་ནང་སོག་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།
         དེ་རྗེས་ཡུས་ཀྲེང་ཧྲེང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཡན་ལག་ཚོགས་པ་དང་པོའི་སྣེ་ཁྲིད་དེ་ཧུའུ་ཧོ་ཧའོ་ཐེ་ནས་ཞལ་གྱེས་ཏེ་པའོ་ཐོའུ་གྲོང་ཁྱེར་དུ་ཕེབས་ནས་སའེ་ཧན་ཐ་ལ་གྲོང་དབུས་རྩྭ་ཐང་ནས་འབྲེལ་ཡོད་གནས་ཚུལ་གྱི་ངོ་སྤྲོད་གསན་པ་རེད།