མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཞལ་ཆད་བཞིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཞལ་པར་ཐོག་ནས་བཀའ་
མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་14ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མིད་དམངས་དྲ་བའི་འཕྲིན། ཟླ་8ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་བཞིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
        ཞི་ཅིན་ཕིང་གིས་ང་དང་སྐུ་ཞབས་ཙུང་ཐུང་ཟླ་གོང་མར་འཇར་མན་གྱི་ཧན་པའོ་གྲོང་ཁྱེར་དུ་ཞལ་འཛོམས་ཡག་པོ་བྱུང་། ང་ཚོ་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣ་ཞིག་ཡིན་པའི་ཆ་ནས་ཐུན་མོང་ཐོག་སེམས་ཁུར་བྱེད་པའི་གནད་དོན་ཐད་འབྲེལ་གཏུག་དམ་ཟབ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དེ་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཧ་ཅང་ཆེན་པོ་རེད། ཕྱོགས་གཉིས་པོས་ང་དང་སྐུ་ཞབས་ཙུང་ཐུང་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གཞིར་བཟུང་གྲོས་མོལ་དང་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཕན་ཚུན་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་འོས་འཚམ་བྱས་ཏེ་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་། བརྟན་ལྷིང་། མདུན་ཕྱོགས་བཅས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སྐུ་ཞབས་ཙུང་ཐུང་གིས་ལོ་འདིའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་པས་རྒྱལ་ཁབ་གཉིས་པོའི་ལས་དོན་ཚོགས་པས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་གྲ་སྒྲིག་ལས་དོན་ལེགས་པར་སྒྲུབ་དགོས་ཞེས་གསུངས་པ་རེད།
         ཐེ་རོན་ཕུ་ཡིས་ཧན་པའོ་གྲོང་ཁྱེར་དུ་ཞལ་འཛོམས་བྱུང་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ང་དང་ཞི་ཀྲུའུ་ཞིས་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དེ་རྒྱལ་ཁབ་གཉིས་པོས་རིམ་པ་ཁག་དང་ཁྱབ་ཁོངས་ཁག་དབར་འབྲེལ་བ་བྱེད་རྒྱུར་གལ་འགངས་ཧ་ཅང་ཆེན་པོ་ལྡན་ཡོད། མིག་སྔར་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་ཡོད་པས་འཕེལ་རྒྱས་དེ་བས་ལེགས་པ་ཡོང་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད། ངས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་རྒྱུ་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
         རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མིག་སྔའི་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ཐད་དགོངས་འཆར་བརྗེ་རེས་གནང་ཞིང་། ཞི་ཅིན་ཕིང་གིས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པ་མངོན་འགྱུར་ཡོང་བ་དང་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་ཀྲུང་ཨ་རྒྱལ་ཁབ་གཉིས་པོར་ཐུན་མོང་གི་ཁེ་ཕན་ཡོད། དེང་སྐབས་འབྲེལ་ཡོད་ཕྱོགས་ཀྱིས་བཟོད་སྒོམ་བྱས་ནས་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ཛ་དྲག་ཏུ་འགྲོ་བའི་གཏམ་སྤྱོད་མི་ཐོན་པ་བྱེད་དགོས། ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་པར་མཐར་གཏུགས་ནས་བརྗོད་ཚེ་ད་དུང་གླེང་མོལ་དང་གྲོས་མོལ་དང་ཆབ་སྲིད་ཐད་ནས་ཐག་གཅོད་བྱེད་པའི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་བྱེད་དགོས་ཀྱི་ཡོད། ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་འབྲེལ་གཏུག་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐག་གཅོད་འོས་འཚམ་བྱེད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
          ཐེ་རོན་ཕུ་ཡིས་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས་ནུས་པ་འདོན་སྤེལ་བྱས་པར་བསམ་ཤེས་གང་ལེགས་བྱེད་ཀྱི་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཐུན་མོང་ཐོག་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་དམ་ཟབ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།