མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བོད་ལྗོངས་སུ་བཅའ་སྡོད་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་17ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་15ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་ལ་ལྟ་བཤེར་བྱེད་པའི་སྐུལ་སློང་ཚོགས་འདུ་ལྷ་སར་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་སྐུལ་སློང་གསུང་བཤད་ནང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཁོར་ཡུག་ལྟ་བཤེར་ལས་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ་ལྟ་བཤེར་ལས་དོན་བདེ་བླག་ངང་སྤེལ་ཐུབ་པ་དང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ནས་གྲུབ་འབྲས་དངོས་ཐོབ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ནི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལམ་ལུགས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པའི་ཙུའུ་ཀྲང་ཅང་ཅུས་ཧྥུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། དེ་གོང་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་23ལ་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བྱས་པར་མང་ཚོགས་ཀྱི་ཐེར་འདོན་གོང་ཞུ་ཁྲི་9ལྷག་ཙམ་འབྱོར་བ་དང་མང་ཚོགས་ཀྱིས་གླེང་མང་བའི་ཁོར་ཡུག་སྲུང་སྐྱོང་གནད་དོན་འབོར་ཆེན་ཞིག་ཐག་གཅོད་ཐུབ་ཡོད། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པ་ད་ཐེངས་བོད་ལྗོངས་སུ་ཡོང་ནས་གཙོ་བོ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་། མངོན་གསལ་དོད་པའི་ཁོར་ཡུག་གནད་དོན་ཐག་གཅོད། ཁོར་ཡུག་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བཅས་བྱས་ཚུལ་ལ་ལྟ་བཤེར་བྱ་རྒྱུ་ཡིན་པ་རེད།
         བཀོད་སྒྲིག་གཞིར་བཟུང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པ་བོད་ལྗོངས་སུ་ཟླ་བ་གཅིག་ཙམ་བཅའ་སྡོད་བྱ་རྒྱུ་ཡིན་པ་དང་། ཟླ་8ཚེས་15ཉིན་ནས་ཟླ་9ཚེས་15ཉིན་བར་ལྟ་བཤེར་ཚོགས་ཆུང་བཅའ་སྡོད་བྱེད་རིང་ལས་རེས་ཁ་པར། 0891—6515000དང་། སྦྲག་སྲིད་ཡིག་སྒམ། ལྷ་ས་གྲོང་ཁྱེར་སྦྲག་སྲིད་ཡིག་སྒམ་ཨང་0003བཀོད་སྒྲིག་བྱས་ཡོད། ལྟ་བཤེར་ཚོགས་ཆུང་གིས་ཐེར་འདོན་གོང་ཞུའི་ཁ་པར་ལེན་པའི་དུས་ཚོད་ནི་ཉིན་ལྟར་གྱི་ཆུ་ཚོད་9:00—21:00བར་ཡིན་པ་དང་གཙོ་བོ་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཡིག་གེ་དང་ཁ་པར་གྱི་ཐེར་འདོན་གོང་ཞུ་བདག་སྤྲོད་བྱ་རྒྱུ་ཡིན་པ་རེད།