མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེ་མོ"གཞོན་ནུའི་གསར་བརྗེའི་
ཕུགས་འདུན་གཏོད་པའི་ལམ་བུ"ལ་ཞུགས་མཁན་སློབ་གྲྭ་ཆེ་མོ་བར་འཕྲིན་ལན་བཏང་
ནས་ལྕག་སྐུལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་17ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་15ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སྐབས་གསུམ་པའི་ཀྲུང་གོའི“དྲ་སྦྲེལ+”ཀྱི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེ་མོ“གཞོན་ནུའི་གསར་བརྗེའི་ཕུགས་འདུན་གཏོད་པའི་ལམ་བུ”ལ་ཞུགས་མཁན་སློབ་གྲྭ་ཆེ་མོ་བར་འཕྲིན་ལན་བཏང་གནང་ཞིང་། འཕྲིན་ལན་ནང་ཁོང་གིས་རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མ་ཁྲི་150སྐབས་འདིའི་འགྲན་བསྡུར་ནང་ཞུགས་པ་དང་། དེའི་ནང་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་ཚོགས་པ་བརྒྱ་ལྷག་ཙམ་ཡན་ཨན་དུ་བསྐྱོད་པ་དང་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པར་ཞབས་འདེགས་ཞུ་བའི“གཞོན་ནུའི་གསར་བརྗེའི་ཕུགས་འདུན་གཏོད་པའི་ལམ་བུའི”བྱེད་སྒོར་ཞུགས་ནས་རྟེན་གཞི་ཁུལ་རྙིང་པའི་མི་དམངས་རྣམས་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་རོགས་བྱས་པར་གྲུབ་འབྲས་ལེགས་པོ་ཐོབ་ལ་བསམ་བློར་སློབ་གསོ་ཐེབས་པའང་ཤེས་རྟོགས་བྱུང་བས་ང་དགའ་ཚོར་ཆེན་པོ་བྱུང་ཞེས་འཁོད་ཡོད་པ་རེད།
         ཞི་ཅིན་ཕིང་གིས་ཡན་ཨན་ནི་གསར་བརྗེའི་གནས་མཆོག་ཡིན་པས་ཁྱེད་ཚོས་ཡན་ཨན་དུ་བསྐྱོད་དེ་གསར་བརྗེ་པ་རྒན་རབས་ཚོའི་རླབས་ཆེ་ལ་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ཞབས་རྗེས་འཚོལ་བ་དང་། ཡན་ཨན་གྱི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། བློ་སྟོབས་དང་གཤིས་རྒྱུད་ལ་ཞུན་བརྡར་བྱེད་པ་བཅས་བྱས་ཏེ་བློ་སྟོབས་ཆེར་བསྐྱེད་ཀྱི་ལང་ཚོའི་ཕུགས་འདུན་དེ་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་ཁྲོད་མཉམ་འདྲེས་བྱས་པ་དེ་ཐོག་ནས་དེང་རབས་ཀྲུང་གོའི་གཞོན་ནུའི་འབད་འབུངས་ཆེར་བསྐྱེད་ཀྱི་སྙིང་སྟོབས་ཀྱི་རྣམ་པ་མཚོན་གྱི་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འབད་འཐབ་ཀྱི་དམིགས་ཚད་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་བཅས་མངོན་འགྱུར་བྱེད་པར་སྤྱོད་ཡོན་གཉིས་ལྡན་གྱི་འཇོན་ཐང་ཅན་ཁག་དང་ཁག་གིས་འབད་བརྩོན་བྱེད་དགོས་ལ་དཀའ་ཚེགས་ཆེན་པོའི་ཁྲོད་དུ་ཞུན་བརྡར་བྱས་ནས་གྲུབ་འབྲས་ཐོབ་པ་བྱེད་དགོས། ད་ཆ་ང་ཚོ་ནི་ལོ་རྒྱུས་ཐོག་གི་དུས་སྐབས་གང་འདྲ་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འོད་སྟོང་འཕྲོ་བའི་དམིགས་ཚད་དང་ཐག་ཉེ་བ་ཡོད། མེས་རྒྱལ་གྱི་གཞོན་ནུ་མི་རབས་ཚོར་ཕུགས་བསམ་དང་། བརྩོན་ལེན་བྱ་ཡུལ། འགན་འཁྲི་བཅས་ཡོད་པས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་རྫོགས་མཐའ་མེད་པའི་ལང་ཚོའི་སྟོབས་ཤུགས་ལྡན་ཡོད། ཁྱེད་ཚོས་ཀྲུང་གོའི་ས་གཞི་ཆེ་མོར་རྩ་བ་ཚུགས་ཏེ་རྒྱལ་ཁབ་དང་མི་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་ནས་གསར་གཏོད་ལས་གཏོད་ཁྲོད་བློ་གྲོས་དང་འཇོན་ཐང་འཕེལ་བར་བྱེད་པ་དང་། དཀའ་སྤྱད་འབད་འཐབ་ཁྲོད་བློ་སྟོབས་དང་གཤིས་རྒྱུད་ལ་ཞུན་བརྡར་བྱེད་པ། མི་དམངས་དུང་ཕྱུར་ཁྲིས་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་ཆེད་བྱས་པའི་རླབས་ཆེའི་འབད་འཐབ་ཁྲོད་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པ་བཅས་བྱས་ཏེ་ལང་ཚོར་བརྟེན་ནས་དུས་རབས་དང་ལོ་རྒྱུས་ལ་ངོ་གནོང་མི་དགོས་པའི་བརྗིད་ཆེའི་ལེའུ་རྩོམ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
         འདི་ལོའི་ཟླ་བ་བཞི་པ་དང་ཟླ་བ་བདུན་པར་སློབ་གསོ་པུས་ཀྲུང་གོའི“དྲ་སྦྲེལ+”ཀྱི་སློབ་ཆེན་སློབ་མའི་ལས་གཏོད་གསར་གཏོད་འགྲན་བསྡུར་ཆེ་མོའི་ལས་སྟེགས་ལ་བརྟེན་ནས“གཞོན་ནུའི་གསར་བརྗེའི་ཕུགས་འདུན་གཏོད་པའི་ལམ་བུའི”ལག་ལེན་བྱེད་སྒོ་སྤེལ་ཞིང་། ཁག་ཐེངས་གཉིས་ཀྱི་འགྲན་ཞུགས་ཚོགས་པ་སོ་སོས་ཡན་ཨན་དུ་བསྐྱོད་དེ་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་རྣམ་གྲངས་ཀྱིས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་གནད་སྨིན་དབུལ་སྐྱོར་དང་དབུལ་སྒྲོལ་ལ་སྐུལ་འདེད་བཏང་ཡོད། ལག་ལེན་བྱེད་སྒོ་མཇུག་འགྲིལ་རྗེས་རུ་མི་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཐོག་ནས་ཁོང་ཚོར་ཐོབ་པའི་གྲུབ་འབྲས་དང་མྱོང་ཚོར་སྙན་སེང་ཞུས་ཤིང་། ཁོང་ཚོས་ཞི་ཅིན་ཕིང་གི་གཞོན་ནུའི་དུས་རབས་དང་འདྲ་བར་མེས་རྒྱལ་དང་མི་དམངས་ཆེད་རང་ཉིད་ཀྱི་དད་སེམས་དང་ཕུགས་འདུན་ལེགས་སྐྱེས་སུ་ཕུལ་ཏེ་རང་ཉིད་ཀྱི་གསར་གཏོད་ལས་གཏོད་ཀྱི་ཕུགས་བསམ་དེ་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་དང་མཉམ་འདྲེས་བྱས་ནས་ལང་ཚོ་དང་ཕུགས་བསམ་ལ་བརྟེན་ནས་དད་སེམས་དང་འབད་འཐབ་ཀྱི་གླུ་དབྱངས་རྩོམ་རྒྱུ་ཡིན་ཞེས་ཞུས་པ་རེད།