མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སྤྱི་ཚོགས་ཡོངས་སུ་སྨན་པར་བརྩི་བཀུར་དང་འཕྲོད་བསྟེན་ལ་མཐོང་ཆེན་བྱེད་
པའི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་གཞི་རྩའི་སྨན་
བཅོས་འཕྲོད་བསྟེན་ལམ་ལུགས་གང་མགྱོགས་འཛུགས་དགོས་པའི་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་19ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

             མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་17ཉིན་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་འཆར་བཙའི་ཁོངས་གཏོགས་ཀྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཕྲོད་བསྟེན་དང་འཆར་བཙའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་ཏང་དང་རྒྱལ་ཁབ་ཀྱིས་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་གཏོང་བ་དང་མི་དམངས་ཀྱི་བདེ་ཐང་ཚོར་སྣང་ཆེ་རུ་གཏོང་རྒྱུར་སྔ་བར་ཕྱི་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་འཆར་བཙའི་ཁོངས་གཏོགས་ཀྱིས་འཕྲོད་བསྟེན་དང་བདེ་ཐང་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་ནན་ཏན་བསྟར་ནས་སྤྱི་པའི་འཕྲོད་བསྟེན་དང་གཞི་རྩའི་སྨན་བཅོས་ཞབས་ཞུའི་ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་མི་དམངས་ཀྱི་ལུས་སེམས་བདེ་ཐང་ལ་འགན་ལེན་བྱ་ཆེད་ལེགས་སྐྱེས་གལ་ཆེན་འབུལ་དགོས་པའི་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་རྒྱ་ཆེའི་འཕྲོད་བསྟེན་དང་འཆར་བཙའི་ལས་དོན་པས་དམིགས་ཡུལ་བློ་ལ་བརྟན་པོ་ངེས་པ་དང་ལས་དོན་ཧུར་ཐག་བསྒྲུབས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས“ཚེ་སྲོག་གོང་བཀུར་དང་། སྲོག་སྐྱོབ་རྨས་སྐྱོར། ལེགས་སྐྱེས་འབུལ་འདོད་པ། བརྩེ་སེམས་ཆེན་པོ་འཆང་བ”བཅས་ཀྱི་བླ་ན་མེད་པའི་སྙིང་སྟོབས་སྐྱེད་སྲིང་བྱས་ཡོད། བློ་མཐུན་ཚོས་མུ་མཐུད་སེམས་རྩ་འཁོལ་བའི་ངང་མི་དམངས་ལ་ཞབས་འདེགས་ཞུས་ནས་སྨན་བཅོས་ལག་རྩལ་ལ་བརྩོན་ཞིབ་དང་སྨན་པའི་ཀུན་སྤྱོད་དར་སྤེལ་བཏང་སྟེ་མི་དམངས་མང་ཚོགས་ལ་ཆུ་ཚད་དེ་བས་མཐོ་བ་དང་བློ་ཡིད་དེ་བས་ཚིམ་པའི་འཕྲོད་བསྟེན་དང་བདེ་ཐང་གི་ཞབས་འདེགས་ཞུ་རྒྱུའི་རེ་བ་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱ་ཆེའི་འཕྲོད་བསྟེན་དང་འཆར་བཙའི་ལས་དོན་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ་དང་བྱ་ཐབས་ནུས་ལྡན་སྤྱད་དེ་ཁོང་ཚོའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་ནས་སྤྱི་ཚོགས་ཡོངས་སུ་སྨན་པར་བརྩི་བཀུར་དང་འཕྲོད་བསྟེན་ལ་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་གང་མགྱོགས་བཙུགས་ནས་རང་རྒྱལ་གྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་མཛུབ་སྟོན་གནང་བ་རེད།
       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ཞིང་། ཁོང་གིས་འཕྲོད་བསྟེན་དང་འཆར་བཙའི་བྱ་གཞག་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་དང་འབྲེལ་བ་ཡོད་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུ་དང་ཡང་འབྲེལ་བ་ཡོད། ཉེ་ལམ་ལོ་ཤས་རིང་འཕྲོད་བསྟེན་དང་འཆར་བཙའི་ཁོངས་གཏོགས་ཀྱིས་སྨན་དང་སྨན་རྫས་དང་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ནུས་ལྡན་བྱས་ནས་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བས་ཕྱོགས་ཁག་གི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་མི་སྣར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་འཕྲོད་བསྟེན་དང་འཆར་བཙའི་ཁོངས་གཏོགས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དོན་འཁྱོལ་ནན་ཏན་བྱས་ནས་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་གྱི་དགོངས་དོན་གཞིར་བཟུང་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མུ་མཐུད་ཡག་པོ་རྒྱག་པ་དང་། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་སྟེ་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། རྒྱ་ཆེའི་འཕྲོད་བསྟེན་དང་འཆར་བཙའི་ལས་དོན་པས་བྱམས་སེམས་ལྡན་པའི་སྨན་པའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ནས་གནས་གཅེས་ལས་བརྩོན་དང་ལག་རྩལ་ལ་བརྩོན་ཞིབ་བྱས་ཏེ་མི་དམངས་མང་ཚོགས་ལ་འཕྲལ་མཁོ་ཆེ་བར་དམིགས་ཏེ་དེ་བས་ལེགས་པའི་སྨན་བཅོས་བདེ་ཐང་ཞབས་འདེགས་ཞུས་ནས་རང་རྒྱལ་འདི་ཉིད་སྔ་ཙམ་བདེ་ཐང་སྟོབས་ཆེའི་རྒྱལ་ཁབ་ཅིག་ཏུ་བསྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།