མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སི་ཕེན་གྱི་པ་སེ་ལུའོ་ན་གྲོང་ཁྱེར་དུ་དོས་སྐྱེལ་རླངས་འཁོར་གྱིས་མི་ཚོགས་ལ་
བརྡུངས་པའི་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་ཐོན་པར་སི་ཕེན་གྱི་རྒྱལ་པོ་ཧྥེ་
ལི་ཧྥི་སྐུ་ཐོག་དྲུག་པར་སེམས་གསོའི་གློག་འཕྲིན་བཏང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་20ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་18ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཕེན་གྱི་པ་སེ་ལུའོ་ན་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་དུ་དོས་སྐྱེལ་རླངས་འཁོར་གྱིས་མི་ཚོགས་ལ་བརྡུངས་པའི་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་ཐོན་པར་སི་ཕེན་གྱི་རྒྱལ་པོ་ཧྥེ་ལི་ཧྥི་སྐུ་ཐོག་དྲུག་པར་སེམས་གསོའི་གློག་འཕྲིན་བཏང་བ་རེད།
           ཞི་ཅིན་ཕིང་གི་སེམས་གསོའི་གློག་འཕྲིན་ནང་ཟླ་8ཚེས་17ཉིན་གྱི་ཕྱི་དྲོ་སྐུ་ཉིད་རྒྱལ་ཁབ་ཀྱི་པ་སེ་ལུའོ་ན་གྲོང་ཁྱེར་དུ་དོས་སྐྱེལ་རླངས་འཁོར་གྱིས་མི་ཚོགས་ལ་བརྡུངས་པའི་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་ཐོན་ནས་མི་མང་པོ་འཆི་རྨས་བྱུང་བར་ཧང་སངས་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུ་རྒྱུ་དང་འབྲེལ་ང་རང་མི་སྒེར་གྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་བའི་མིར་མྱ་ངན་ཟབ་མོ་ཞུ་རྒྱུ་དང་རྐྱེན་ལམ་དུ་ཤོར་བའི་མིའི་ནང་མི་དང་རྨས་མར་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོའི་འཚམས་འདྲི་ཞུ་རྒྱུ་ཡིན་ལ་རྨས་མ་རྣམས་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་སི་ཕེན་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འཇིགས་རྒོལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་འཁོད་ཡོད་པ་རེད།