མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ་རང་རྒྱལ་འདི་
ཉིད་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་གང་མྱུར་བསྐྲུན་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་29ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ་རང་རྒྱལ་འདི་
ཉིད་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་གང་མྱུར་བསྐྲུན་དགོས་པའི་ནན་བཤད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་27ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཐེན་ཅིན་དུ་རྒྱལ་ཡོངས་ཀྱི་མང་ཚོགས་ལུས་རྩལ་སྔོན་ཐོན་ཚན་པ་དང་། སྔོན་ཐོན་མི་སྒེར་གྱི་འཐུས་མི། རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པའི་འཐུས་མི་དང་དེ་བཞིན་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མང་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་ནང་བྱ་དགའ་ཐོབ་མཁན་ལུས་རྩལ་པའི་འཐུས་མི་བཅས་ལ་མཇལ་འཕྲད་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་ལུས་རྩལ་གྱིས་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མི་རིགས་དར་རྒྱས་ཡོང་བའི་ཕུགས་འདུན་འགྲུབ་ཐུབ། ལུས་རྩལ་འཕེལ་རྒྱས་ཕྱིན་ན་ཀྲུང་གོ་སྟོབས་ཆེར་འགྲོ་བ་དང་། རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་ན་ལུས་རྩལ་ཡང་དར་ཞིང་རྒྱས་པ་ཡོང་སྲིད། ལུས་རྩལ་འཕེལ་རྒྱས་གཏོང་བའི་ལས་དོན་དེ་ཉིན་རེའི་གལ་ཆེའི་གྲོས་རིམ་ནང་བཅུག་ནས་འཆར་འགོད་ཞིབ་ཚགས་དང་དོན་འཁྱོལ་དམ་འཛིན་ནན་པོ་བྱས་ནས་རང་རྒྱལ་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ་རང་རྒྱལ་འདི་ཉིད་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་གང་མྱུར་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།
         སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་དང་ཐོག་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས་ཚང་མར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད། རྒྱལ་ཡོངས་ཀྱི་ལུས་རྩལ་འཐབ་ཕྱོགས་ཐོག་གི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲིའང་ཞུས་པ་རེད། ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་དབྱར་མཚོ་རྒྱས་པ་ལྟར་སྤེལ་བ། རྩལ་འགྲན་ལུས་རྩལ་གྱི་གྲུབ་འབྲས་མངོན་གསལ་དོད་པ། ལུས་རྩལ་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ། 2022ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་འདུན་ཞུ་ལམ་ལྷོངས་བཅས་བྱུང་ཡོད། དེའི་ཐད་ཚང་མས་འབད་བརྩོན་ལྷོད་མེད་བྱས་ཡོད་པས་རང་ཉིད་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་དང་། ལུས་རྩལ་ལ་དགའ་པོ་ཡོད་མཁན་སྤྱིར་བཏང་གི་མི་ཞིག་ཡིན་པའི་ངོས་ནས་བློ་མཐུན་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་གང་མྱུར་བསྐྲུན་པར་ལུས་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ཕུགས་འདུན་དེ་ཀྲུང་གོའི་ཕུགས་འདུན་དང་འབྲེལ་བ་དམ་ཟབ་ཡོད་པའི་ངེས་གནས་སྟངས་འཛིན་བྱས་ནས་ལུས་རྩལ་བྱ་གཞག་དེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བའི་སྤྱི་ཡོངས་ཁྲོད་འཇོག་པ་དང་འཆར་འགོད་བྱས་ཏེ་ལུས་རྩལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ལུས་རྩལ་གྱི་འདུ་ཤེས་གསར་བརྗེས་བྱས་ནས་མང་ཚོགས་ཀྱི་ལུས་རྩལ་དང་། རྩལ་འགྲན་ལུས་རྩལ། ལུས་རྩལ་ཐོན་ལས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་དགོས་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་གང་མྱུར་བསྐྲུན་པར་མི་དམངས་ལྟེ་བར་འཛིན་པའི་བསམ་བློ་མཐའ་འཁྱོངས་བྱས་ནས་མི་དམངས་ཉིད་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་བའི་ཁྲོད་བྱེད་པོར་བརྩི་བ་དང་། མི་དམངས་ཀྱི་ལུས་སྦྱོང་དགོས་མཁོ་སྐོང་བ་དང་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་རྒྱུ་ལུས་རྩལ་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་དམངས་ཡོངས་ལུས་སྦྱོང་བྱེད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་བྱས་ཏེ་མི་དམངས་ཀྱི་བདེ་ཐང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་། མང་ཚོགས་རང་བཞིན་གྱི་ལུས་རྩལ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་བཅུག་སྟེ་མི་དམངས་མང་ཚོགས་རྒྱ་ཁྱབ་ངང་ཞུགས་རྒྱུ་སྒྲིག་འཛུགས་བྱས་ཚེ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་གཉེར་བའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་ཐུབ་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་གང་མྱུར་བསྐྲུན་པར་ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས་དར་སྤེལ་དང་ལུས་རྩལ་གྱི་སྲོལ་བཟང་ཀུན་སྤྱོད་དར་སྤེལ་བཏང་ནས་གདེང་ཚོད་ཆེ་རུ་གཏོང་བ་དང་། འབད་འབུངས་སྟོབས་བརྩོན་བྱེད་པ། རྩལ་འགྲན་ལུས་རྩལ་གྱི་ཕྱོགས་བསྡུས་དངོས་ཤུགས་ཆེ་རུ་གཏོང་བའི་སྒོ་ནས་རྒྱལ་ཁབ་ཀྱི་སྒྲིག་གཞིའི་ནུས་པ་དེ་བས་ལེགས་པའི་ངང་འདོན་སྤེལ་དང་། རྩལ་འགྲན་ལུས་རྩལ་དེ་བས་ལེགས་པ་དང་། དེ་བས་མགྱོགས་པ། དེ་བས་མཐོ་བ། དེ་བས་སྟོབས་ལྡན་བཅས་ཡོང་བ་བྱས་ཏེ་རྒྱལ་ཁབ་ཀྱི་ཆེད་དུ་གཟི་བརྗིད་བརྩོན་ལེན་བྱེད་ནུས་ཆེ་རུ་བཏང་ནས་ལུས་རྩལ་ལ་བརྟེན་ནས་སྤྱི་ཚོགས་ལ་དྲང་ནུས་ཆེན་པོ་འདོན་དགོས་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་གང་མྱུར་བསྐྲུན་པར་2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་གྲབས་འཛུགས་དང་། གྲབས་འཛུགས་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་ལྷག་པར་དུ་གྲ་སྒྲིག་ལས་དོན་ཁག་ལེགས་པར་སྒྲུབ་ནས་གངས་འཁྱགས་ཀྱི་ལུས་རྩལ་མགྱོགས་མྱུར་ཁྱབ་གདལ་དང་མཐོར་གཏོང་བྱས་ཏེ་ལྟད་མོ་ཆེ་བ་དང་། ཐུན་མོང་མ་ཡིན་པ། ཁྱད་དུ་འཕགས་པ་བཅས་ཀྱི་སྐབས་འདིའི་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་ཧུར་ཐག་གཉེར་དགོས་པའི་ནན་བཤད་གནང་བ་རེད།