མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅༎ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་
ཆུང་གི་ཚོགས་འདུ་ཐེངས་སོ་བརྒྱད་པ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་31ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཕྱི་དྲོ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་བརྒྱད་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་སྒྱུར་བཅོས་ནི་ང་ཚོས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་ལྡན་པའི་རླབས་ཆེན་འཐབ་རྩོད་བྱེད་པའི་ཕྱོགས་གལ་ཆེན་ཞིག་ཡིན། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བར་ངེས་པར་དུ་ཏང་གིས་སྒྱུར་བཅོས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ངེས་པར་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ངེས་པར་དུ་སྒྱུར་བཅོས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ། ངེས་པར་དུ་སྒྱུར་བཅོས་ཀྱི་ཆོས་ཉིད་ལ་ངོས་འཛིན་ཟབ་ཏུ་དང་བེད་སྤྱོད་ཡག་པོ་བཅས་བྱེད་དགོས། མུ་མཐུད་སྒྱུར་བཅོས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་འགོ་འཛུགས་ས་དེ་བས་མཐོ་བའི་ཐོག་ནས་སྒྱུར་བཅོས་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་། སྒྱུར་བཅོས་ཀྱི་ངེས་ཤུགས་བརྟན་དུ་གཏོང་བ། སྒྱུར་བཅོས་བྱེད་སེམས་ཆེ་རུ་གཏོང་བ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་གྲུབ་པའི་སྒྱུར་བཅོས་ཀྱི་ཉམས་མྱོང་གསར་པ་ཕྱོགས་སྡོམ་དང་བེད་སྤྱོད་ཡག་པོ་བྱེད་པ། ཡང་འབད་བསྐྱར་འབད་དང་སྙིང་རུས་གཏན་འཁྱོངས་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་མཐར་ཕྱིན་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཚོགས་འདུའི་ཐོག་བསྟན་དོན། བྱེད་པོའི་ནུས་པའི་ཁུལ་བསྐྲུན་རྒྱུ་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འཐབ་ཇུས་གལ་ཆེན་ཞིག་རེད། བྱེད་པོའི་ནུས་པའི་ཁུལ་གྱི་འཐབ་ཇུས་དང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར་རྒྱལ་ཁབ་ཀྱི་ས་ཆའི་བར་མཐོངས་གསར་སྤེལ་སྲུང་སྐྱོང་གི་རྨང་གཞིའི་ལམ་ལུགས་ཡིན་པའི་བྱེད་པོའི་ནུས་པའི་ཁུལ་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། བྱེད་པོའི་ནུས་པའི་ཁུལ་གྱི་འཐབ་ཇུས་རྣམ་པ་གྲོང་ཁྱེར་དང་རྫོང་རིམ་པར་གནད་སྨིན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། བྱེད་པོའི་ནུས་པའི་ཁུལ་མི་འདྲ་བའི་ཧེ་བག་ཅན་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྒྲིག་གཞི་སྒྱུར་བཅོས་དང་ཁྲིམས་སྐྱོང་འཛུགས་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་ས་ཆའི་བར་མཐོངས་གསར་སྤེལ་སྲུང་སྐྱོང་གི་རྣམ་པ་ལེགས་སུ་གཏོང་བ་དང་རྒྱལ་ཁབ་ཀྱི་བར་མཐོངས་འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱ་ཆེད་རྨང་གཞི་བརྟན་དུ་གཏོང་དགོས།
         ཚོགས་འདུའི་ཐོག་བསྟན་དོན། ཞིང་འབྲེལ་མ་དངུལ་སྤྱི་འདོམས་དང་བསྡུ་སྒྲིལ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུ་འཚོལ་ཞིབ་བྱ་རྒྱུ་ནི་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། ནོར་སྲིད་ཀྱི་ཞིང་སྐྱོར་སྲིད་ཇུས་ཀྱི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་ནོར་སྲིད་ཞིང་སྐྱོར་གྱི་གཏོང་ཆ་མཁོ་སྤྲོད་ལེགས་སུ་གཏོང་བ་དང་། ལས་རིགས་ནང་ཁུལ་གྱི་མ་དངུལ་བསྡུ་སྒྲིལ་དང་ལས་རིགས་དབར་གྱི་མ་དངུལ་སྤྱི་འདོམས་ཕན་ཚུན་འབྲེལ་མཐུད་དང་རམ་འདེགས་བྱ་རྒྱུར་སྐུལ་འདེད་གཏོང་བ། ཞིང་འབྲེལ་མ་དངུལ་གྱི་དོ་དམ་མ་ལག་མཐུན་སྒྲིག་བྱེད་པ། ཞིང་འབྲེལ་མ་དངུལ་བེད་སྤྱོད་དོ་དམ་ལམ་སྲོལ་གསར་གཏོད་བྱེད་པ། གྲོང་གསེབ་ཀྱི་མ་འཇོག་དང་མ་རྩ་མཉམ་འདྲེས་ཀྱི་སྒྲིག་གཞི་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་ཞིང་སྐྱོར་སྲིད་ཇུས་ཀྱི་ཕན་འབྲས་དང་ཞིང་སྐྱོར་མ་དངུལ་བེད་སྤྱོད་བྱེད་པའི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་དགོས།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་གི་སྣོད་བཅུད་ཁོར་ཡུག་གཏོར་སྐྱོན་ཕོག་པར་ཁ་གསབ་ལམ་ལུགས་ཚོད་ལྟའི་ལག་ལེན་བསྟར་རྒྱུ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཀོད་སྒྲིག་བྱས་པའི་བྱེད་ཐབས་གལ་ཆེན་དོན་འཁྱོལ་བྱེད་པ་ཞིག་ཡིན། དུས་འགོའི་ཚོད་ལྟའི་ལས་དོན་ལ་ཕྱོགས་སྡོམ་རྒྱག་པའི་རྨང་གཞིའི་ཐོག་སྣོད་བཅུད་ཁོར་ཡུག་གཏོར་སྐྱོན་ཕོག་པར་ཁ་གསབ་ཀྱི་ཁྱབ་ཁོངས་དང་། འགན་འཁྲིའི་བྱེད་པོ། གུན་གསབ་ལེན་མཁན། གཏོར་སྐྱོན་བཏང་བའི་གུན་གསབ་ཐག་གཅོད་བྱེད་ཐབས་སོགས་སྔར་བས་ཁ་གསལ་ཡོང་བ་བྱེད་པ་དང་། དེ་བསྟུན་གྱི་གསལ་འབྱེད་ཚོད་སྐོར་དོ་དམ་དང་། ལག་རྩལ་མ་ལག མ་དངུལ་འགན་སྲུང་། འཁོར་རྒྱུག་ལམ་སྲོལ་བཅས་ཆགས་པ་བྱེད་པ། སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་ཕོག་པ་སླར་གསོ་དང་གུན་གསབ་ལམ་ལུགས་འཛུགས་རྒྱུར་འཚོལ་ཞིབ་བཅས་བྱས་ཏེ་སྣོད་བཅུད་ཤེས་དཔལ་གཏོད་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།
         ཚོགས་འདུའི་ཐོག་བསྟན་དོན། གྲོང་དོན་ལྟ་སྐུལ་ཨུ་ལྷན་འཛུགས་རྒྱུ་ནི་གཞི་རིམ་དམངས་གཙོའི་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་འཚོལ་ཞིབ་རང་བཞིན་གྱི་ལག་ལེན་ཞིག་ཡིན་པས། དེར་འབྱུང་རྩ་ནས་གྲོང་མི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཀག་འགོག་བྱ་རྒྱུ་དང་གྲོང་གསེབ་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཉམས་མྱོང་ཕྱོགས་སྡོམ་ཟམ་མི་ཆད་པར་བྱས་ནས་ལམ་ལུགས་ཇུས་འགོད་བྱ་རྒྱུ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྟ་སྐུལ་གྱི་བྱེད་པོ་དང་། ནང་དོན། དབང་ཚད། གོ་རིམ་བཅས་སྔར་བས་ཚད་ལྡན་དུ་གཏོང་བ། གྲོང་ཚོ་ཏང་རྩ་འཛུགས་འགོ་ཁྲིད་ཀྱི་གྲོང་མིའི་རང་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གྲོང་མི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་དང་གྲོང་ཚོའི་མཉམ་སྡེབ་ཀྱི་ཁེ་ཕན་འགན་སྲུང་ཏན་ཏིག་བྱས་ཏེ་གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གིས་སྤྱི་འདོམས་དང་། ཞིང་ཆེན་གྱིས་འགན་འཁྲི་ཡོངས་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་བྱེད་པ། མཉམ་དུ་འགག་སྒྲོལ་བྱེད་པ་བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲིའི་ལམ་ལུགས་འཛུགས་དགོས་པའི་བླང་བྱ་བཏོན་ཚུན་འབྲེལ་ཡོད་ས་གནས་ཀྱིས་འཕྲལ་མར་བྱ་སྤྱོད་སྤེལ་ཏེ་གོང་རིམ་ནས་འོག་རིམ་བར་རིམ་པ་བཞིན་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་དང་། དམིགས་ཚད་ལས་འགན་དང་ལས་ཀའི་འགན་འཁྲི་ཁ་གསལ་དུ་བཏང་བ། ལས་ཀའི་ལས་འགན་ཁག་ལ་དམ་འཛིན་ཏན་ཏིག་བཅས་བྱས་པས་ཕན་འབྲས་བཟང་པོ་ཐོབ་ཡོད། གོམ་སྟབས་རྗེས་མར་ཐོན་པའི་གནད་དོན་ལ་དམིགས་ནས་འབྲེལ་ཡོད་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་ནན་དུ་གཏོང་བ་དང་། གནད་སྨིན་དབྱེ་འབྱེད་ཀྱི་རོགས་སྐྱོར་ལམ་སྲོལ་གསར་གཏོད་བྱེད་པ། དབུལ་སྐྱོར་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཏན་ཏིག་དང་ནུས་པ་ཡག་པོ་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན་གྱི་ལོ་ལྔ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་རྨང་གཞི་བརྟན་གཏོང་དང་། སྟོབས་ཤུགས་མཉམ་སྒྲིལ། འགག་སྒྲོལ་དཀའ་སེལ། འབད་འབུངས་སྟོབས་བརྩོན་བཅས་ཀྱི་ལོ་ལྔ་ཡིན་ལ། གཅིག་སྡུད་ཐོག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱེད་པ། སྒྱུར་བཅོས་ཀྱི་གྲུབ་འབྲས་མངོན་གསལ་དོད་པ། སྒྱུར་བཅོས་ཀྱི་ཉམས་མྱོང་གསོག་འཇོག་བཅས་ཀྱི་ལོ་ལྔ་ཞིག་ཀྱང་ཡིན། ཏང་ཀྲུང་དབྱང་གི་ཡང་དག་འགོ་ཁྲིད་འོག རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་སྒྱུར་བཅོས་ནང་ཧུར་ཐག་ཞུགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་བརྗིད་ཆེའི་སྟོབས་ཤུགས་ཤིག་མཉམ་འདུས་ཡོང་བ་བྱས་ཏེ་རླུང་བརྟེན་རླབས་གཤག་དང་། གོམ་ཆེན་མདུན་སྐྱོད། གོང་འོག་མཉམ་འགུལ། བརྟན་ཐོག་ཡར་བརྩོན་གྱིས་སྒྱུར་བཅོས་ཀྱི་ལེའུ་གསར་པ་ཞིག་བརྩམས་ནས་སྒྱུར་བཅོས་ཉིད་ཀྲུང་གོ་གུང་ཁྲན་ཏང་གི་དར་ཆ་གསལ་སྟོན་དང་དེང་རབས་ཀྲུང་གོའི་དུས་རབས་ཀྱི་ཁྱད་ཆོས་སུ་གྱུར་པ་བྱེད་དགོས། ལོ་ལྔའི་རིང་དཀའ་ཚེགས་ལྡན་ལ་རྙོག་འཛིང་ཆེ་བའི་སྒྱུར་བཅོས་ཀྱི་ལས་འགན་མདུན་དུ་ཏང་ཀྲུང་དབྱང་གིས་དར་ཆ་བསྒྲེང་བ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་སྔར་བྱུང་མྱོང་མེད་པའི་ཆོད་སེམས་དང་སྤེལ་ཤུགས་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཐད་འཐབ་ཇུས་གལ་ཆེན་རབ་དང་རིམ་པ་བཀོད་སྒྲིག་བྱས་ཡོད། ང་ཚོས་སྒྲིག་གཞི་དང་ལམ་སྲོལ་ནས་འགོ་བཙུགས་ཏེ་སྒྱུར་བཅོས་ལས་འགན་ལ་སྤྱི་འདོམས་འཆར་འགོད་བྱས་པས་སྒྱུར་བཅོས་ཀྱི་ཁྱབ་ཁོངས་རྒྱ་ཆེ་རུ་ཕྱིན་པ་དང་། ཇུས་གཞི་འདིང་མང་དུ་ཕྱིན་པ། དེ་དང་འབྲེལ་བའི་ཁེ་ཕན་མང་དུ་ཕྱིན་པ། སྐུལ་སྤེལ་གཏོང་ཤུགས་སྔར་བས་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད། ང་ཚོས་བཀོད་སྒྲིག་བརྒྱ་ཆ་བཅུ་དང་དོན་འཁྱོལ་བརྒྱ་ཆ་དགུ་བཅུ་བྱས་ཏེ་བྱས་པའི་རྗེས་དང་དྲུས་པའི་ཤུལ་ཡོད་པ་དང་། སྒྱུར་བཅོས་ཁག་སྔ་རྗེས་སུ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པ་བྱས་ཡོད། ང་ཚོས་ཕྱོགས་ཁག་གི་བློ་གྲོས་གཅིག་འདུས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྒྱུར་བཅོས་ཀྱི་ཉམས་མྱོང་གསར་པ་གསར་གཏོད་དང་གསོག་འཇོག་བྱས་ཡོད། ལག་ལེན་ཐོག་ནས་ར་སྤྲོད་བྱས་དོན། ཏང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ཏང་ཀྲུང་དབྱང་གི་འགོ་ཁྲིད་ནུས་པ་དང་དབང་གྲགས་རང་བཞིན་ཆེ་རུ་བཏང་བ་ལས་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་སྒྱུར་བཅོས་ལ་བསམ་བློ་གཅིག་གྱུར་དང་ཆོད་སེམས་བརྟན་པོ་ཡོང་རྒྱུར་ཕན་པ་དང་། སྒྱུར་བཅོས་ཀྱི་ཉེན་ཁ་ལས་སྒྲོལ་བ་དང་། དཀའ་ཚེགས་ལས་སྒྲོལ་བ། མཁྲེགས་སར་གཏུག་ཕོད་པ་བཅས་ལ་ཕན་པ། སྤྱི་འདོམས་མཐུན་སྦྱོར་དང་བརྟན་ཐོག་ཡར་བརྩོན་གྱི་སྒོ་ནས་སྒྱུར་བཅོས་ཁག་ལ་སྐུལ་འདེད་གཏོང་རྒྱུར་ཕན་པས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད།
         སྒྱུར་བཅོས་ལ་དུས་ད་ལྟ་བ་ལས་འདས་པ་ཟེར་བ་མེད། ཇུས་འགོད་ཡག་པོ་འདིང་རྒྱུ་མཐའ་འཁྱོངས་བྱེད་དགོས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་ཐོག་བཏོན་པའི་སྒྱུར་བཅོས་ལས་འགན་གྱི་འཕེལ་རིམ་སྤྱིར་ན་སྔོན་དཔག་དང་མཐུན་ཡོད། བཏོན་ཟིན་པའི་སྒྱུར་བཅོས་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་སྤྱི་ཡོངས་ནས་དཔྱད་དཔོག་བྱེད་དགོས་པ་དང་དོན་འཁྱོལ་བྱས་མེད་པའམ་ཡང་ན་དོན་འཁྱོལ་ཕན་འབྲས་སྔོན་དཔག་གི་དམིགས་ཚད་ལོན་མེད་རིགས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་རྗེས་སུ་མུ་མཐུད་ཏན་ཏིག་བསྒྲུབ་རྒྱུ་རེད།