མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལིའུ་ཡུན་ཧྲན་གྱིས་སའེ་ཧན་ཐང་གི་ནགས་རའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་པའི་
ཁོངས་མིར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་01ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་30ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་སའེ་ཧན་ཐང་གི་ནགས་རའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་པའི་ཁོངས་མིར་མཇལ་འཕྲད་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་སྙན་ཞུ་ཚོགས་པའི་ཁོངས་མི་དང་སའེ་ཧན་ཐང་གི་ནགས་རའི་ལས་བྱེད་ལས་བཟོར་བྱམས་བརྩེའི་འཚམས་འདྲི་དང་འབྲེལ་སའེ་ཧན་ཐང་གི་ནགས་རའི་སྔོན་ཐོན་བྱས་རྗེས་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུའི་ཐད་བླང་བྱ་བཏོན་གནང་བ་རེད།
         ལིའུ་ཡུན་ཧྲན་གྱིས་སྙན་ཞུ་ཚོགས་པར་མཇལ་འཕྲད་གནང་སྐབས་སའེ་ཧན་ཐང་གི་ནགས་རའི་མི་རབས་གསུམ་པོས་ལོ་55རིང་བརྟན་སྲུང་མཐའ་འཁྱོངས་དང་དེ་ནས་ཁ་མི་འབྲལ་བར་བྱེ་ཐང་གཡུ་ཞོང་དུ་གྱུར་པ་དང་མྱ་ངམ་ཐང་དེ་ནགས་ཚལ་དུ་གྱུར་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བཏོད་དེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དང་དངུལ་རི་ཡིན་པའི”འདུ་ཤེས་མངོན་པར་བྱས་པ་དེ་ནི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དར་ཆ་ངོ་གནོང་མི་དགོས་པ་ཞིག་ཡིན། སའེ་ཧན་ཐང་གི་མིས་འདེབས་འཛུགས་བྱས་པ་ནི་སྡོང་རྐང་རེ་རེ་ཙམ་མ་ཡིན་པར་དེ་ནི་དད་སེམས་ཤིག་དང་སྙིང་སྟོབས་ཤིག་ཡིན་པས་དེས“མཛེས་སྡུག་ལྡན་པའི་ཡུལ་ལྗོངས”བཏོད་པ་ཙམ་མ་ཟད། དེ་ནི་གཞན་གྱི་གུས་བཀུར་ཐོབ་པའི“བསམ་པའི་ཉམས་འགྱུར་བཟང་པོ”ཞིག་ཀྱང་ཡིན་ཞེས་གསུངས་པ་རེད།
         ལིའུ་ཡུན་ཧྲན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་ནན་ཏན་བྱས་ནས་སའེ་ཧན་ཐང་གི་སྙིང་སྟོབས་སློབ་སྦྱོང་དང་དར་སྤེལ་ཤུགས་ཆེན་བཏང་སྟེ་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་སེམས་ཤུགས་དེ་བས་ལེགས་པའི་སྒོ་ནས་འཕེལ་བ་བྱེད་དགོས་པ་དང་། འགན་འཁྲི་དང་ལས་འགན་བསྒྲུབ་རྒྱུ་དེ་མཐའ་དག་ལས་ལྷག་པ་ཡིན་པ་བློ་ལ་བརྟན་པོར་ངེས་པ་བྱས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་སྟེ་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་བློ་དཀར་སེམས་དཀར་བྱ་རྒྱུ་དེ་ལས་ཀ་ལེགས་པར་སྒྲུབ་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས་པ། དཀའ་སྤྱད་འབད་བརྩོན་དང་ཚན་རིག་དང་མཐུན་པའི་བདེན་འཚོལ་གྱི་སྤྱོད་ཚུལ་རྒྱུན་འཁྱོངས་དང་། གཟེར་འདེབས་སྙིང་སྟོབས་དར་སྤེལ་གཏོང་བ། དཀའ་ངལ་ལ་མ་འཛེམས་པར་མདུན་དུ་སྐྱོད་པ། སྙིང་རུས་གཏན་འཁྱོངས་བཅས་བྱས་ནས་གྲུབ་འབྲས་དེ་རི་ཀླུང་གི་ས་གཞི་ཆེན་པོའི་ཐོག་མངོན་པར་བྱེད་དགོས་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་བུ་རབས་ཚ་རྒྱུད་ལ་གནམ་དེ་བས་སྔོ་བ་དང་། རི་དེ་བས་སྔོ་ལྗང་། ཆུ་དེ་བས་དྭངས་བ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཁོར་ཡུག་ཅིག་གཏོད་དགོས་པ། སའེ་ཧན་ཐང་གི་ནགས་རའི་ལས་གཏོད་ཀྱི་ལོ་རྒྱུས་དང་འབད་འཐབ་ཀྱི་ལོ་རྒྱུས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་སློབ་གསོའི་གསོན་ཉམས་དོད་པའི་སློབ་གཞིར་བརྩིས་ནས་དེའི་ནང་གི་སྔོན་ཐོན་བྱས་རྗེས་དང་མི་སེམས་ལ་སྐུལ་མ་ཐེབས་པའི་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་བྱས་ཏེ་དྲིལ་བསྒྲགས་དང་སློབ་སྦྱོང་རྒྱ་ཁྱབ་བྱས་ནས་སའེ་ཧན་ཐང་གི་མིའི་སྙིང་སྟོབས་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་བས་མི་སེམས་སུ་གཏིང་ཟབ་ཟུག་རྒྱུར་སྐུལ་མ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།