མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་པ་
དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་05ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་པ་
དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ།

            མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་3ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞ་མོན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་《འབོ་གསེར་མཉམ་ལས་ཀྱི“གསེར་མདོག་ཅན་གྱི་ལོ་བཅུ”ཨང་གཉིས་པ་ཐུན་མོང་ཐོག་གསར་གཏོད་བྱེད་དགོས་》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་ནས་འབོ་གསེར་རྒྱལ་ཁབ་ཀྱིས་འབོ་གསེར་མཉམ་ལས་ཀྱི“གསེར་མདོག་ཅན་གྱི་ལོ་བཅུ”ཨང་གཉིས་པ་ཐུན་མོང་ཐོག་གསར་གཏོད་བྱས་ཏེ་མཉམ་ལས་བྱས་འབྲས་ཀྱིས་རྒྱལ་ཁབ་ལྔ་པོའི་མི་དམངས་ལ་ཕན་འདོགས་པ་དང་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱིས་རྒྱལ་ཁབ་ཁག་གི་དམངས་ཚོགས་ལ་ཕན་བདེ་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་འབྱུང་འགྱུར་ལ་ཁ་ཕྱོགས་ནས་འབོ་གསེར་རྒྱལ་ཁབ་ལ་དཔལ་འབྱོར་འཕེལ་རྒྱས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ལས་འགན་གལ་ཆེན་འཕྲད་ཡོད། ང་ཚོས་འབོ་གསེར་མཉམ་ལས་ཀྱི“གསེར་མདོག་ཅན་གྱི་ལོ་བཅུ”ཨང་གཉིས་པ་ཐུན་མོང་ཐོག་གསར་གཏོད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          དང་པོ། འབོ་གསེར་མཉམ་ལས་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་ལྔ་པོའི་དཔལ་འབྱོར་ལ་སྒུལ་ཤུགས་འཕར་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། འབོ་གསེར་རྒྱལ་ཁབ་ཀྱིས་རང་ངོས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་ནས་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་འཕར་བའི་སྒུལ་ཤུགས་དང་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་དགོས། གསར་གཏོད་ལ་བརྟེན་ནས་འཕར་རྒྱུར་སྐུལ་འདེད་དང་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་སྟེ་སྒུལ་ནུས་གསར་རྙིང་བརྗེ་མགྱོགས་སུ་གཏོང་དགོས། སྒྱུར་བཅོས་བྱེད་པ་བརྒྱུད་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་སེལ་བ་དང་། ལུགས་དང་མི་མཐུན་པའི་སྒྲིག་སྲོལ་ལམ་སྲོལ་གྱི་འགན་རྐྱེན་སེལ་བ། ཁྲོམ་ར་དང་སྤྱི་ཚོགས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་བཅས་བྱས་ཏེ་སྤུས་ཚད་དེ་བས་མཐོ་བ་དང་། སེམས་ཤུགས་དེ་བས་ཆེ་བ། རྒྱུན་སྲིང་དེ་བས་ཐུབ་པ་བཅས་ཀྱི་འཕར་རྒྱུ་མངོན་འགྱུར་ཡོང་བ་བྱེད་དགོས། འབོ་གསེར་རྒྱལ་ཁབ་ཀྱིས་སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་དང་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཐོན་ལས་གྲུབ་ཆ་དང་ཐོན་ཁུངས་ཀྱི་ནུས་པའི་ལེགས་ཆ་གསབ་རེས་བྱེད་པ་དང་ཁེ་ཕན་མཉམ་སྤྱོད་ཀྱི་རིན་ཐང་སྦྲེལ་ཐག་དང་ཁྲོམ་ར་ཆེན་པོ་སྐྱེད་སྲིང་བྱས་ཏེ་མཉམ་འགུལ་འཕེལ་རྒྱས་ཀྱི་བཀོད་པ་ཆགས་པ་བྱེད་དགོས། འབོ་གསེར་རྒྱལ་ཁབ་ཀྱིས་དཔལ་འབྱོར་མཉམ་ལས་ཀྱི་གཙོ་རྐང་དེར་དམ་པོར་དམིགས་ནས་《འབོ་གསེར་རྒྱལ་ཁབ་ཀྱི་དཔལ་འབྱོར་རོགས་ཟླའི་འཐབ་ཇུས་》དོན་འཁྱོལ་བྱེད་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལམ་སྲོལ་ཅན་དང་ཏན་ཏིག་ཅན་ལ་སྐུལ་འདེད་བཏང་སྟེ་འབོ་གསེར་མཉམ་ལས་ཀྱི་རིན་ཐང་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། དངོས་སྒྲུབ་མཉམ་ལས་ཀྱི་བྱེད་ཐབས་གསར་པ་དང་ནང་དོན་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་འབྲེལ་གཏུག་སྦྲེལ་ཐག་དམ་དུ་གཏོང་བ་དང་འབོ་གསེར་མཉམ་ལས་ཀྱི་བྱ་སྤྱོད་ཡུན་རིང་འཕེལ་རྒྱས་འགྲོ་ཐུབ་པ་བྱེད་དགོས་པ་དང་།
          གཉིས་པ། འབོ་གསེར་གྱི་འགན་འཁྲི་དཔའ་ངར་ཆེན་པོས་འཁུར་ནས་འཛམ་གླིང་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་ཤིང་། འབོ་གསེར་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཁྲིམས་སྲོལ་གྱི་དགོངས་དོན་དང་རྩ་དོན་དང་དེ་བཞིན་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་བྱེད་པ་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱེད་དགོས། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་སྲིང་བཅས་ཀྱི་བདེ་འཇགས་ལྟ་བ་དར་སྤེལ་བཏང་ནས་ས་འབྲེལ་ཆབ་སྲིད་ཀྱི་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་པའི་འཕེལ་རིམ་ཁྲོད་དགེ་མཚན་ལྡན་པའི་ངང་ཞུགས་ཏེ་འདོན་དགོས་ངེས་ཀྱི་ནུས་པ་འདོན་དགོས་པ།
         གསུམ་པ། འབོ་གསེར་གྱི་ནུས་པ་བཏོན་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། སྒོ་དབྱེ་བྱས་ཚེ་གཞི་ནས་ཡར་ཐོན་ཡོང་བ་དང་བསྟུན་མཁས་བྱས་ཚེ་གཞི་ནས་ཡར་ཐོན་ཡུན་རིང་ཡོང་སྲིད། འབོ་གསེར་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གྲོས་མོལ་དང་། མཐུན་སྦྱོར། མཉམ་ལས་བཅས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་གི་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས། སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་ནས་ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་རིན་ཐང་སྦྲེལ་ཐག་གསར་པ་མཉམ་ཤུགས་ངང་གཏོད་པ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་སླར་ཡང་དོ་སྙོམས་ཡོང་བ་བྱེད་པ་བཅས་བྱས་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་འདོགས་དགོས། འབོ་གསེར་རྒྱལ་ཁབ་ལྔ་པོས་སྒོ་དབྱེའི་ཆུ་ཚད་ཕན་ཚུན་མཐོ་རུ་བཏང་སྟེ་སྒོ་དབྱེའི་ཁྲོད་ཐུན་མོང་གི་ཁེ་ཕན་ཆེ་རུ་གཏོང་བ་དང་བསྟུན་མཁས་ཁྲོད་གོ་སྐབས་མཉམ་སྤྱོད་དོན་གཉེར་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་འཕེལ་རྒྱས་ཐད་དེ་བས་ཡངས་པའི་བར་མཐོངས་གཏོད་དགོས། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུར་ཁྲིད་སྟོན་ཡག་པོ་བྱས་ཏེ་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས་པ་དང་། སྔོན་ཐོན་གྱི་འདུ་ཤེས་དང་སྤྱི་པའི་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱེད་པ་དང་དེ་བས་དོ་སྙོམས་དང་ཀུན་ཕན་གྱི་བཅོས་སྐྱོང་དཔེ་དབྱིབས་དང་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་ཐོག་རྒྱལ་སྤྱིའི་ལས་བགོས་མ་ལག་དང་གོ་ལ་ཧྲིལ་པོའི་རིན་ཐང་སྦྲེལ་ཐག་བཟང་སྒྲིག་དང་བསྐྱར་བཟོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་བཏང་ནས་འཛམ་གླིང་གི་དཔལ་འབྱོར་ཆགས་སྟངས་དངོས་ཡོད་མཚོན་པར་བྱེད་དགོས་པ།
         བཞི་པ། འབོ་གསེར་གྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ནས་རྒྱ་ཁྱབ་ཀྱི་རོགས་ཟླའི་འབྲེལ་བ་འཛུགས་དགོས་ཤིང་། འབོ་གསེར་རྒྱལ་ཁབ་ཀྱིས་སྒོ་དབྱེ་བསྟུན་མཁས་ཀྱི་མཉམ་ལས་འདུ་ཤེས་ལག་བསྟར་བྱས་ཏེ་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་དང་མཉམ་ལས་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ནུས་ལྡན་སྤྱོད་གོ་ཆོད་པའི་གྲོས་མོལ་ལམ་སྲོལ་འཛུགས་དགོས། འབོ་གསེར་རྒྱལ་ཁབ་ཀྱིས་རང་ངོས་ཀྱི་ལེགས་ཆ་དང་ཤུགས་རྐྱེན་ཐེབས་ཤུགས་འདོན་སྤེལ་བྱས་ནས་ལྷོ་ལྷོ་མཉམ་ལས་དང་ལྷོ་བྱང་གྲོས་མོལ་ལ་སྐུལ་འདེད་གཏོང་དགོས། འབོ་གསེར་མཉམ་ལས་ཀྱི་ཁྱབ་འགྱེད་དང་ཁེ་ཕན་ཐོབ་པའི་ཁྱབ་ཁོངས་ཆེ་རུ་བཏང་ནས“འབོ་གསེར+”ཀྱི་མཉམ་ལས་དཔེ་དབྱིབས་ལ་སྐུལ་འདེད་གཏོང་བ་དང་སྒོ་དབྱེ་རྒྱུ་མང་གི་འཕེལ་རྒྱས་རོགས་ཟླའི་དྲ་རྒྱ་གཏོད་དེ་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་བས་མང་བ་མཐུན་སྒྲིལ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་གྱི་བྱ་གཞག་ཁྲོད་ཞུགས་སུ་འཇུག་དགོས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་སྦྲེལ་ཐག་ནུས་པ་བཏོན་ནས་ལས་རིགས་ཁག་གི་མི་སྣ་འབོ་གསེར་མཉམ་ལས་ཀྱི་བྱ་གཞག་ཁྲོད་གཅིག་སྡུད་བྱེད་དགོས་པ་བཅས་རེད།
          ཞི་ཅིན་ཕིང་གིས་འབོ་གསེར་མཉམ་ལས་ལམ་སྲོལ་ཟམ་མི་ཆད་པར་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་བསྐྱོད་པའི་ལོ་10དེ་ནི་ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་ལོ་10ཡིན། ཀྲུང་གོའི་སྒྱུར་བཅོས་དེ་འགག་སྒྲོལ་དུས་སྐབས་དང་དཀའ་ཚེགས་ཆེ་བའི་དུས་སྐབས་སུ་སླེབས་པ་དང་སྦྲགས་ང་ཚོས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་ཤུགས་རྒྱག་པ་དང་། ཚད་བརྒལ་མང་བ། སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་ཀྱི་རྣམ་པ་མངོན་པ་དང་། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དང་ཐོན་ལས་རིམ་སྤོར་གྱི་གོམ་སྟབས་ཟམ་མི་ཆད་པར་མགྱོགས་སུ་ཕྱིན་པ། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་ཟམ་མི་ཆད་པར་སྲ་བརྟན་བྱུང་བ། དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་སྒུལ་ནུས་གསར་པ་ཟམ་མི་ཆད་པར་གཅིག་སྡུད་ཐུབ་པ་བཅས་རེད། སླད་ཕྱིན་ཀྲུང་གོས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་ཟམ་མི་ཆད་པར་བསྟུན་པ་དང་། ཁོང་དུ་ཆུད་པ། ཁྲིད་སྟོན་བཅས་བྱས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་མགྱོགས་མྱུར་བཙུགས་ཏེ་གསར་གཏོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་ནས་རྒྱུན་སྲིང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་རེད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
          པར་ཙིར་གྱི་ཙུང་ཐུང་ཐེ་མེར་དང་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མ་དང་དེ་བཞིན་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་འགོ་ཚུགས་མཛད་སྒོར་ཕེབས་ཡོད་པ་རེད།