མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞ་མོན་རྒྱལ་སྤྱིའི་ཚོགས་འདུའི་ལྟེ་གནས་སུ་ཀྲུང་ཕྱིའི་གསར་འགོད་པར་མཇལ་འཕྲད་གནང་ནས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་དགུ་པ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་སྐད་ཆ་ཤོད་རེས་ཀྱི་ཚོགས་འདུའི་གནས་ཚུལ་ངོ་སྤྲོད་གནང་བ་རེད།
ཞི་ཅིན་ཕིང་གིས་ཚེས་4ཉིན་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞ་མོན་ཞལ་འཛོམས་ཐུགས་གྲ་ལེགས་འགྲིག་ངང་གྲོལ་ཡོད། ཞལ་འཛོམས་ཐོག་《འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞ་མོན་བསྒྲགས་གཏམ་》ལ་གྲོས་འཆམ་བྱུང་བ་དང་སྒོ་དབྱེ་བསྟུན་མཁས་དང་མཉམ་ལས་གཉིས་ཁེའི་འབོ་གསེར་གྱི་སྙིང་སྟོབས་བསྐྱར་བསྒྲགས་བྱས་པ་དང་འབྲེལ་ལོ་བཅུའི་རིང་གི་འབོ་གསེར་མཉམ་ལས་ལ་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ཏེ་འབོ་གསེར་གྱི་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུ་དང་ཁྱབ་ཁོངས་ཁག་གི་དངོས་ཕན་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་ཐད་འཆར་གཞི་གསར་པ་བཀོད་ཡོད།
རྒྱལ་ཁབ་ལྔ་ཡི་འགོ་ཁྲིད་མི་སྣས་འབོ་གསེར་རྒྱལ་ཁབ་ཀྱིས་གནད་དོན་གལ་ཆེན་ཐད་འབྲེལ་བ་དང་མཐུན་སྦྱོར་བྱ་རྒྱུ་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱིའི་འབྲེལ་བའི་རྩ་བའི་ཚད་གཞི་སྲུང་སྐྱོང་། མཉམ་ལས་ཀྱིས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་སྒྱུར་བཅོས་མགྱོགས་སུ་གཏོང་དགོས་པ་དང་། སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་དགོས་པ། ཆབ་སྲིད་ཀྱི་བདེ་འཇགས་མཉམ་ལས་ཟབ་ཏུ་བཏང་ནས་འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་དགོས་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་བྱེད་སྒོ་རྒྱུན་གཏན་ཅན་དང་ལམ་སྲོལ་ཅན་དུ་འགྱུར་བ་བྱས་ཏེ་རྒྱལ་ཁབ་ལྔ་པོའི་མི་དམངས་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་གཏོང་དགོས་པ། དུས་བསྟུན་འཕེལ་རྒྱས་བཏང་ནས་འབོ་གསེར་གྱི་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་བྱ་རྒྱུར་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་དགོས་པ་བཅས་ཀྱི་ངོས་འཛིན་གནང་བ་རེད། རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣ་ཚོས་ཞ་མོན་ཞལ་འཛོམས་འགོ་འཛུགས་ས་གསར་པར་བྱས་ཏེ་ཐུན་མོང་ཐོག་དེ་བས་དམ་ཟབ་དང་། དེ་བས་ཡངས་པ། དེ་བས་ཆ་ཚང་བ་བཅས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏོད་ནས“འབོ་གསེར་མཉམ་ལས་ཀྱི་གསེར་མདོག་ཅན་གྱི་ལོ་བཅུ”ཨང་གཉིས་པ་གཏོད་རྒྱུའི་ཆོད་སེམས་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཞལ་འཛོམས་གནང་རིང་ཀྲུང་གོ་ཕྱོགས་ཀྱིས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་སྐད་ཆ་ཤོད་རེས་ཀྱི་ཚོགས་འདུ་འཚོགས་པ་དང་འབོ་གསེར་རྒྱལ་ཁབ་དང་ཨེ་ཅིབ་དང་། མོ་ཞི་ཁོ། ཐེ་ལན། ཐ་ཇིག་སི་ཐན། ཀི་ནེ་ཡ་བཅས་ཀྱི་འགོ་ཁྲིད་མི་སྣས་མཉམ་དུ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཇུས་ཆེན་ལ་གྲོས་བསྡུར་གནང་ནས་རྒྱ་ཁྱབ་ཀྱི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་དང་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་མགྱོགས་མྱུར་དོན་འཁྱོལ་བྱ་རྒྱུའི་མོས་མཐུན་གནང་ནས་ལྷོ་ལྷོའི་མཉམ་ལས་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་འཕྲིན་བརྡ་དྲག་པོ་བཏང་ཡོད། རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣས“འབོ་གསེར+”གྱི་མཉམ་ལས་བྱེད་ཐབས་བཏོད་ནས་ལག་གདང་སྦྲེལ་ཏེ་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ནས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཁག་གི་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུར་དྲང་ནུས་མང་པོ་བསྣན་དགོས་པའི་ངོས་འཛིན་གནང་གི་ཡོད་ཅེས་གསུངས་པ་རེད།