མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞལ་འཆད་གདན་ཞུ་བྱུང་བ་ལྟར་ཞི་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཐི་རོམ་ཕུ་དང་ཞལ་པར་
བསྐྱོན་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་07ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་6ཉིན། ཞལ་འཆད་གདན་ཞུ་བྱུང་བ་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཐི་རོམ་ཕུ་དང་ཞལ་པར་བསྐྱོན་རེས་གནང་བ་རེད།
         ཞི་ཅིན་ཕིང་གིས། ད་ལྟ་ཀྲུང་གོ་དང་ཨ་རིའི་ཁྱབ་ཁོངས་སོ་སོའི་འགྲོ་འོང་དང་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བདེ་འཇགས་ཚོགས་པ་དང་དཔལ་འབྱོར་ཚོགས་པའི་བར་སྤེལ་རེས་ཟབ་མོ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་གཉིས་ཀས་ཀྲུང་གོ་དང་ཨ་རིའི་སྤྱི་ཚོགས་དང་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རེས་སྐོར་དང་པོའི་ཁ་བརྡ་དང་། ཁྲིམས་འཛིན་མ་ཟད་དྲ་སྦྲེལ་བདེ་འཇགས་ཀྱི་ཁ་བརྡ་ཡང་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་སྐུ་ཞབས་སྲིད་འཛིན་ལགས་ལོ་འདིའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་རྒྱུར་མཐོང་ཆེན་བྱེད་བཞིན་ཡོད་ལ། ཕྱོགས་གཉིས་ཀའི་ཚོགས་པས་མཉམ་དུ་འབད་པ་བྱས་ཏེ་འཚམས་འདྲི་བདེ་བླག་ཡོང་རེ་བྱེད་བཞིན་ཡོད་ཅེས་བསྟན་པ་རེད།
         ཐི་རོམ་ཕུ་ཡིས། ང་རང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གཙོ་ཆེན་ཁག་ལ་མཐུན་སྦྱོར་ཤུགས་སྣོན་རྒྱག་རྒྱུ་ནི་གལ་ཧ་ཅང་ཆེན་པོ་རེད། ང་རང་གིས་ལོ་འདིར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཞུ་རྒྱུ་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཡང་བསྐྱར་མཇལ་འཛོམས་ཡོང་རེ་བྱེད་བཞིན་ཡོད་ཅེས་བསྟན་པ་རེད།
           རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་གཙོ་བོ་ད་ལྟའི་ཁོ་རེ་ཡ་གླིང་ཕྲན་ཕྱེད་ཀའི་གནས་བབ་ལ་གཞིགས་ནས་བསམ་ཚུལ་བརྗེ་རེས་གནང་བ་རེད། ཞི་ཅིན་ཕིང་གིས། ཁོ་རེ་ཡ་གླིང་ཕྲན་ཕྱེད་ཀར་ཉིང་རྡུལ་མཚོན་ཆ་མེད་པ་བཟོ་བར་ཀྲུང་གོ་ཕྱོགས་ཀྱིས་སྲ་བརྟན་འགྱུར་མེད་ངང་འབད་པ་བྱས་ནས་རྒྱལ་སྤྱིའི་ཉིང་རྡུལ་ཁྱབ་འགྱེད་མི་བྱེད་པའི་མ་ལག་སྲུང་སྐྱོང་བྱེད་བཞིན་ཡོད་ཚུལ་བསྟན་པ་དང་། དུས་མཚུངས་སུ། ང་ཚོས་ནམ་ཡང་ཁོ་རེ་ཡ་གླིང་ཕྲན་ཕྱེད་ཀའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་མཐའ་འཁྱོངས་བྱས་ཏེ་ཁ་བརྡ་དང་གྲོས་མོལ་གྱི་ཐོག་ནས་གནད་དོན་ཐག་གཅོད་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཞི་བདེའི་ཐག་གཅོད་ཀྱི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱེད་པ་དང་། ཁོ་རེ་ཡ་གླིང་ཕྲན་ཕྱེད་ཀའི་ཉིང་རྡུལ་མཚོན་ཆ་མེད་པར་བཟོ་བའི་གནད་དོན་ཐག་གཅོད་བྱེད་པ་མཐར་གཏུགས་ནས་བཤད་ན་ཁ་བརྡ་གྲོས་མོལ་དང་ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་བྱས་ཏེ་ཡུན་རིང་བདེ་འཁོད་ཀྱི་ཐག་གཅོད་ཐབས་ལམ་ཞིག་ཧུར་ཐག་ངང་འཚོལ་དགོས་འདུག་ཅེས་ནན་གསུང་གནང་བ་རེད།
         ཐི་རོམ་ཕུ་ཡིས། ཨ་རི་ཕྱོགས་ཀྱིས་ད་ལྟའི་ཁོ་རེ་ཡ་གླིང་ཕྲན་ཕྱེད་ཀའི་གནས་བབ་ཀྱི་འཕེལ་རྒྱས་ལ་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཁོ་རེ་ཡ་བྱང་མའི་ཉིང་རྡུལ་མཚོན་ཆ་ཐག་གཅོད་པའི་གནད་དོན་ཐད་ཀྱི་ནུས་པ་གལ་ཆེན་ལ་མཐོང་ཆེན་བྱེད་བཞིན་ཡོད་པས། ཀྲུང་གོ་ཕྱོགས་དང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་ཁོ་རེ་ཡ་གླིང་ཕྲན་ཕྱེད་ཀའི་ཉིང་རྡུལ་གནད་དོན་མགྱོགས་མྱུར་ངང་ཐག་གཅོད་བྱེད་པར་ཐབས་ལམ་འཚོལ་འདོད་ཡོད་ཅེས་བསྟན་པ་རེད།