མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཕུལ་བྱུང་
གྲོས་གཞི་དང་སྔོན་ཐོན་སྒྲུབ་འགན་འཁུར་མཁན་ཚན་པའི་བྱ་དགའ་ཐོབ་མཁན་འཐུས་
མི་དང་མཇལ་འཕྲད་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་08ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཚེས་6ཉིན་གྱི་སྔ་དྲོར་པེ་ཅིང་དུ་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཕུལ་བྱུང་གྲོས་གཞི་དང་སྔོན་ཐོན་སྒྲུབ་འགན་འཁུར་མཁན་ཚན་པའི་བྱ་དགའ་ཐོབ་མཁན་འཐུས་མི་དང་མཇལ་འཕྲད་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས། གྲོས་གཞིའི་ལས་དོན་ནི་མི་དམངས་སྲིད་གྲོས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཡིན་པ་དེས་ཕྱོགས་ཁག་གི་རེ་བ་དང་བསམ་འཆར་མཚོན་པ་དང་སྲིད་གཞུང་སྡེ་ཚན་ལ་གྲོས་འགོ་འདོན་པའི་རྣམ་པ་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྲིད་གྲོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། མི་དམངས་སྲིད་གྲོས་བྱ་གཞག་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་ཕྱིར་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་མི་དམངས་སྲིད་གྲོས་ཀྱིས་གྲོས་གཞི་བཏོན་པ་བརྒྱུད་འགན་ནུས་སྒྲུབ་པར་བླང་བྱ་གསར་པ་བཏོན་ཡོད། རྒྱལ་ཡོངས་སྲིད་གྲོས་དང་འབྲེལ་ཡོད་ཕྱོགས་ཁག་གིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། གྲོས་གཞིའི་ལས་དོན་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་གྲོས་གཞིའི་སྤུས་ཚད་དང་གྲོས་གཞི་ལས་སྒྲུབ་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བས། གྲོས་གཞིའི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་གསུངས་པ་རེད།
         ཡུས་ཀྲེང་ཧྲེང་གིས་བསྟན་དོན། གྲོས་གཞིའི་ལས་དོན་གྱི་འགག་རྩ་ནི་སྤུས་ཚད་ཡིན་པས་ལས་གྲངས་འབོར་ལ་ཐུག་མེད། གྲོས་གཞི་དག་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ་དང་རྒྱལ་ཁབ་ཀྱི་མཛད་ཇུས་གལ་ཆེན་དང་འཚམ་པ་དགོས་ཏེ། གཅིག་ནས་མང་ཚོགས་ཀྱི་རེ་བ་མཚོན་པ་དང་། གཉིས་ནས་ཁྱབ་ཁོངས་དང་ལས་དོན་ཁག་གཅིག་ཁྲོད་ཀྱི་ཉམས་ཞན་ལྷུ་ཚིགས་ལ་དམིགས་ཏེ་བཀོལ་སྤྱོད་ཆོག་པའི་གྲོས་འགོ་འདོན་དགོས། གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པས་ཨུ་ཡོན་གྱི་དབང་ཆར་བརྩི་བཀུར་ཞུས་ཏེ་ནན་ཏན་ངང་གྲོས་གཞི་ཞིབ་ཚགས་སྒྲུབ་དགོས། ལུགས་མཐུན་གྱི་གྲོས་འགོ་ཡིན་ཕྱིན་ཚང་མ་བསྡུ་ལེན་བྱས་ནས་གྲོས་གཞིས་སྤྱི་ཡོངས་ལ་ཞབས་ཞུ་དང་ལས་དོན་ལེགས་སུ་གཏོང་བའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས།
        ཡུས་ཀྲེང་ཧྲེང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“7·26”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་མི་དམངས་སྲིད་གྲོས་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། མཐུན་སྒྲིལ་གཅིག་གྱུར་དང་མཉམ་དུ་འབད་བརྩོན་གྱིས་གྲོས་གཞིའི་ལས་དོན་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱས་ནས། བསམ་པའི་ཉམས་འགྱུར་བཟང་པོ་དང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོག་ནས་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
        སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཕུལ་བྱུང་གྲོས་གཞི་དང་སྔོན་ཐོན་སྒྲུབ་འགན་འཁུར་མཁན་ཚན་པའི་གཟེངས་བསྟོད་ཚོགས་འདུ་ཚེས་6ཉིན་གྱི་སྔ་དྲོར་པེ་ཅིང་དུ་འཚོགས་ནས། ཕུལ་བྱུང་གྲོས་གཞི་ཁག་240དང་སྔོན་ཐོན་སྒྲུབ་འགན་འཁུར་མཁན་ཚན་པ་45ལ་གཟེངས་བསྟོད་བྱས་པ་རེད། ཕུལ་བྱུང་གྲོས་གཞི་དང་སྔོན་ཐོན་སྒྲུབ་འགན་འཁུར་མཁན་ལ་གཟེངས་བསྟོད་བྱེད་པ་ནི་སྐབས་བདུན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་འཚོགས་འདུ་འཚོགས་ཚུན་གྱི་སྲོལ་རྒྱུན་བྱེད་སྟངས་ཤིག་ཡིན་པ་དེ་སྲིད་གྲོས་སྐབས་རེར་གཟེངས་བསྟོད་ཐེངས་རེ་བྱེད་ཀྱི་ཡོད། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་5ཙམ་གྱི་གྲོས་གཞིའི་ནང་དོན“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གི་ཕྱོགས་ཁག་ཚང་མར་ཁྱབ་ཡོད།
          རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན་དང་། ཀྲང་ཆིང་ལི། ལི་ཧའེ་ཧྥུང་། ལུའུ་ཀྲེན་ཀུང་། ཁྲེན་ཞའོ་ཀོང་བཅས་མཇལ་འཕྲད་ལ་ཞུགས་པ་རེད།