མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས་《དང་བླངས་
པའི་ཞབས་ཞུའི་སྲོལ་ཡིག་》ཡོངས་བསྒྲགས་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་08ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

             མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས་《དང་བླངས་པའི་ཞབས་ཞུའི་སྲོལ་ཡིག་》(གཤམ་དུ་བསྡུས་མིང་ལ་《སྲོལ་ཡིག་》ཅེས་བསྡུ་རྒྱུ)ཡོངས་བསྒྲགས་བྱས་པ་དང་། 2017ལོའི་ཟླ་12ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད།
          དང་བླངས་པའི་ཞབས་ཞུ་ནི་དེང་རབས་སྤྱི་ཚོགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་མཚོན་རྟགས་གལ་ཆེན་ཞིག་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བའི་ནང་དོན་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་དང་བླངས་ཞབས་ཞུའི་རྩ་འཛུགས་དང་དང་བླངས་པས་རྣམ་པ་སྣ་ཚོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྐུལ་འདེད་དང་། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ལ་སྐུལ་འདེད། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་། དམངས་འཚོར་བདེ་སྐྱིད་བསྐྲུན་རྒྱུར་ཤུགས་སྣོན་བཅས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད་པ་རེད། དེ་དང་ཆབས་ཅིག་རང་རྒྱལ་གྱི་དང་བླངས་ཞབས་ཞུའི་བྱ་གཞག་ལའང་བྱེད་སྒོ་ཚད་ལྡན་མེད་པ་དང་། དབང་ཆ་འགན་ལེན་བྱེད་ཤུགས་མི་འདང་བ། སྐུལ་ལྕག་ལམ་སྲོལ་འཐུས་སྒོ་ཚང་པོ་མེད་པ་སོགས་ཀྱི་གནད་དོན་གནས་ཡོད་པ་རེད། དང་བླངས་ཞབས་ཞུའི་བྱེད་སྒོར་སྐུལ་ལྕག་དང་ཚད་ལྡན་དུ་བཏང་ནས་དང་བླངས་ཞབས་ཞུའི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་《སྲོལ་ཡིག་》ནང་དང་བླངས་ཞབས་ཞུའི་གཞི་རྩའི་རྩ་དོན་དང་། དོ་དམ་སྒྲིག་གཞི། དབང་ཆ་འགན་ལེན། བྱ་ཐབས་ལ་སྐུལ་འདེད་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་གཏན་འབེབས་བྱས་ཡོད་པ་སྟེ།
          དེའང་གཅིག་ནས་གཞི་རྩའི་རྩ་དོན་གཏན་འཁེལ་བྱས་པ། དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་སྐབས་རང་མོས་དང་། ཐོབ་ཆ་མེད་པ། འདྲ་མཉམ། ཡིད་རྟོན། ཁྲིམས་མཐུན་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པའི་གཏན་འབེབས་བྱས་ཡོད་པ་དང་།
         གཉིས་ནས་དོ་དམ་སྒྲིག་གཞི་གསལ་སྟོན་བྱས་པ། བསམ་པའི་དཔལ་ཡོན་སྲོལ་གཏོད་མཛུབ་ཁྲིད་སྒྲིག་གཞིས་དང་བླངས་ཞབས་ཞུའི་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་དང་བླངས་ཞབས་ཞུའི་ལས་དོན་ལ་སྤྱི་འདོམས་འཆར་འགོད་དང་། མཐུན་སྦྱོར་མཛུབ་ཁྲིད། ཞིབ་བཤེར་ལ་སྐུལ་འདེད། ཉམས་མྱོང་ཁྱབ་གདལ་བཅས་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། དམངས་སྲིད་སྡེ་ཚན་གྱིས་དང་བླངས་ཞབས་ཞུའི་སྲིད་འཛིན་དོ་དམ་ལས་དོན་གྱི་འགན་འཁུར་དགོས་པ། འབྲེལ་ཡོད་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲི་གཞིར་བཟུང་དང་བླངས་ཞབས་ཞུ་དང་འབྲེལ་བ་ཡོད་པའི་ལས་ཀའི་འགན་འཁུར་དགོས་པ། འབྲེལ་ཡོད་མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པས་རང་སོ་སོའི་ལས་ཀའི་ཁྱབ་ཁོངས་ནང་དེ་མཚུངས་ཀྱི་དང་བླངས་ཞབས་ཞུའི་ལས་དོན་ལེགས་པར་སྒྲུབ་དགོས་པ་བཅས་ཀྱི་གཏན་འབེབས་བྱས་ཡོད་པ།
         གསུམ་ནས་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ། དང་བླངས་ཞབས་ཞུའི་རྩ་འཛུགས་ཀྱིས་དང་བླངས་པ་བསྡུ་སྐབས་དང་བླངས་ཞབས་ཞུའི་འབྲེལ་ཡོད་ཀྱི་བདེན་པ་དང་། གནད་འཁེལ། ཆ་ཚང་བ་བཅས་ཀྱི་ཆ་འཕྲིན་དང་དེ་བཞིན་དང་བླངས་ཞབས་ཞུའི་བརྒྱུད་རིམ་ནང་ཐོན་སྲིད་པའི་ཉེན་ཁ་གསལ་བཤད་བྱེད་དགོས། དང་བླངས་པ་དང་བླངས་ཞབས་ཞུའི་ནང་ཞུགས་རྒྱུ་བཀོད་སྒྲིག་བྱེད་སྐབས་དེའི་ལོ་ཚད་དང་། ཤེས་བྱ། རྩལ་ནུས། གཟུགས་པོའི་གནས་ཚུལ་བཅས་དང་འཚམ་པ་བྱེད་དགོས་པ་དང་འབྲེལ་དགོས་ངེས་ཀྱི་ཆ་རྐྱེན་མཁོ་འདོན་བྱེད་དགོས་པ། ཆེད་ལས་ཤེས་བྱ་དང་རྩལ་ནུས་མཁོ་སྐབས་འབྲེལ་ཡོད་གསོ་སྦྱོང་བྱེད་དགོས་པ། དང་བླངས་པའི་དང་བླངས་ཞབས་ཞུའི་གནས་ཚུལ་སོགས་ཀྱི་ཆ་འཕྲིན་ཇི་མ་ཇི་བཞིན་ཟིན་ཐོ་འགོད་དགོས་པ་དང་འབྲེལ་ཐོབ་ཆ་མེད་པ་དང་ཇི་མ་ཇི་བཞིན་གྱི་སྒོ་ནས་དེར་དང་བླངས་ཞབས་ཞུའི་ཟིན་ཐོའི་ངོ་སྤྲོད་འབྲི་དགོས་པའི་གཏན་འབེབས་བྱས་ཡོད་པ།
         བཞི་ནས། བྱ་ཐབས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ། སྲིད་གཞུང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་གཞིར་བཟུང་། དང་བླངས་ཞབས་ཞུའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་བཟོས་ནས་དང་བླངས་ཞབས་ཞུར་མཁོ་བའི་མ་དངུལ་བཀོད་སྒྲིག་ལུགས་མཐུན་བྱེད་དགོས། སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་དང་བླངས་ཞབས་ཞུར་མཛུབ་ཁྲིད་དང་རོགས་རམ་བྱས་ནས་ཁྲིམས་བཞིན་ཞབས་ཞུ་ཉོ་སྒྲུབ་སོགས་ཀྱི་བྱ་ཐབས་སྤྱད་ནས་དང་བླངས་ཞབས་ཞུ་ལས་གཉེར་དོ་དམ་ལ་རྒྱབ་སྐྱོར་བྱས་ཏེ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས་པ་དང་འབྲེལ་བྱ་ཐབས་སྤྱད་ནས་སྤྱི་པའི་ཞབས་ཞུའི་སྒྲིག་གཞི་སོགས་དང་བླངས་ཞབས་ཞུའི་ཟིན་ཐོ་ཡག་པོ་ཡོད་རིགས་ཀྱི་དང་བླངས་པར་གཟིགས་སྐྱོང་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།