མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཁྲིམས་སྐྱོང་སྲོལ་ལམ་ཐོག་གི་ཆོས་ལུགས་ལས་དོན་ལ་སྐུལ་འདེད་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་09ཉིན། 15:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         —— 《ཆོས་ལུགས་ལས་དོན་སྲོལ་ཡིག་》ལ་བཟོ་བཅོས་བརྒྱབ་པའི་ཐད་གསར་འགོད་པས་བཏོན་པའི་དྲི་བར་ལན་བརྒྱབ་པ། 
          2017ལོའི་ཟླ་8ཚེས་26ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས་གསར་དུ་བཟོ་བཅོས་བརྒྱབ་པའི་《ཆོས་ལུགས་ལས་དོན་སྲོལ་ཡིག་》(གཤམ་དུ་《སྲོལ་ཡིག་》ཅེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་དང་2018ལོའི་ཟླ་2ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་དོན་ཁང་གི་འགན་འཁུར་བས་《སྲོལ་ཡིག་》གི་འབྲེལ་ཡོད་གནད་དོན་ཐད་གསར་འགོད་པས་བཏོན་པའི་དྲི་བར་ལན་བརྒྱབ་པ་རེད།
         དྲི་བ། 《སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་པའི་རྒྱབ་ལྗོངས་དང་འཆར་ཟིན་གྱི་བརྒྱུད་རིམ་ངོ་སྤྲོད་མདོར་བསྡུས་གནང་རོགས།
         ལན། 《ཆོས་ལུགས་ལས་དོན་སྲོལ་ཡིག་》(གཤམ་དུ་《སྲོལ་ཡིག་》ཅེས་བསྡུ་རྒྱུ)2005ལོའི་ཟླ་3ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་ཡོད། 《སྲོལ་ཡིག་》རྙིང་པ་ལག་བསྟར་ལོ་12བྱས་ཚུན་ཆོས་ལུགས་ལས་དོན་དོ་དམ་ཚད་ལྡན་དུ་བྱུང་བ་དང་ཆོས་ལུགས་ལས་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱུང་བའི་ཐོག་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ཐད་ནུས་པ་གལ་ཆེན་ཐོན་ཡོད། ད་ཕན་ལོ་ཤས་རིང་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ལ་འགྱུར་ལྡོག་གཏིང་ཟབ་ཕྱིན་པར་བརྟེན་ཆོས་ལུགས་ཁྱབ་ཁོངས་ཐད་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཐོན་པ་དེས་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཞིབ་འཇུག་བྱ་གཞི་དང་བླང་བྱ་གསར་པ་བཏོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་དགོས་པའི་ནན་བཤད་གནང་ཡོད། 2016ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་ཆོས་ལུགས་ལས་རིགས་ཀྱི་བསམ་འཆར་ཆེན་པོ་དང་། སྤྱི་ཚོགས་ཀྱི་ཡོངས་ཁྱབ་དོ་ཁུར། ལས་དོན་ཁྲོད་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་བཅས་ཀྱི་ཐད་གཏན་འབེབས་ཁ་གསལ་བྱས་ཡོད། དོན་དེ་དག་གིས《སྲོལ་ཡིག》རྙིང་པར་སྔར་བས་བཟོ་བཅོས་རྒྱག་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཆོས་ལུགས་ལས་དོན་དོ་དམ་གྱི་འབྲེལ་ཡོད་ལམ་ལུགས་དེ་བས་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
          རྒྱལ་ཁབ་ཆོས་ལུགས་ཅུས་ཀྱིས་2016ལོའི་ཟླ་དྲུག་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་《ཆོས་ལུགས་ལས་དོན་སྲོལ་ཡིག་(བཟོ་བཅོས་འཆར་ཟིན)དང་(སྐྱེལ་རྒྱུའི་མ་ཟིན)》ཕུལ་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་དོན་ཁང་ལ་འབྱོར་རྗེས་འབྲེལ་ཡོད་སྡེ་ཚན་དང་། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ཁག རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པ་ཁག་བཅས་དང་དེ་བཞིན་རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་ཀྱི་བསམ་འཆར་ཐེངས་མང་བསྡུ་ལེན་བྱས་པ་དང་འབྲེལ་སྤྱི་ཚོགས་ཀྱི་བསམ་འཆར་ཡོངས་བསྒྲགས་ངང་བསྡུ་ལེན་བྱས་ཏེ་རྒྱལ་ཁབ་ཆོས་ལུགས་ཅུས་དང་མཉམ་དུ་ས་གནས་སུ་བསྐྱོད་དེ་བརྟག་ཞིབ་བྱས་ཡོད། རྨང་གཞི་དེའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་དོན་ཁང་གིས་རྒྱལ་ཁབ་ཆོས་ལུགས་ཅུས་སོགས་སྡེ་ཚན་དང་མཉམ་དུ་སྐྱེལ་རྒྱུའི་མ་ཟིན་ལ་ཞིབ་འཇུག་དང་བཟོ་བཅོས་ཡང་ཡང་བརྒྱབ་པར་བརྟེན་《ཆོས་ལུགས་ལས་དོན་སྲོལ་ཡིག་(བཟོ་བཅོས་འཆར་ཟིན)》གྲུབ་ཡོད། 2017ལོའི་ཟླ་6ཚེས་14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་2017ལོའི་ཟླ་8ཚེས་26ཉིན་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས་《སྲོལ་ཡིག་》ཁྱབ་བསྒྲགས་བྱས་པ་དང་2018ལོའི་ཟླ་2ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
         དྲི་བ། 《སྲོལ་ཡིག་》ལ་བཟོ་བཅོས་རྒྱག་དགོས་པའི་གཙོ་གནད་དེ་གང་ཡིན་ནམ།
         ལན། 《སྲོལ་ཡིག་》ལ་བཟོ་བཅོས་རྒྱག་པའི་ཐད་གཙོ་བོ་ཕྱོགས་དྲུག་ལ་དམིགས་ཡོད། ཞིབ་ཕྲ་བརྗོད་ན། “སྲུང་སྐྱོང་གཉིས”དང་། “ཁ་གསལ་གཉིས”“ཚད་ལྡན་གཉིས”བཅས་ཡིན། སྲུང་སྐྱོང་གཉིས་ནི་སྤྱི་དམངས་ཀྱི་ཆོས་དད་རང་མོས་དང་ཆོས་ལུགས་ལས་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཞི་མཐུན་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཡིན། ཁ་གསལ་གཉིས་ནི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཁྲིམས་མིའི་ཐོབ་ཐང་དང་ཆོས་ལུགས་ཀྱི་རྒྱུ་ནོར་དབང་ཆའི་གཏོགས་ཁོངས་ཁ་གསལ་ཡོང་བ་དང་ཆོས་ལུགས་ཚོང་ལས་ཅན་དུ་འགྱུར་རྒྱུའི་འཕེལ་ཕྱོགས་བཀག་འགོག་ཁ་གསལ་ཡོང་བ་བྱ་རྒྱུ་དེ་ཡིན། ཚད་ལྡན་གཉིས་ནི་ཆོས་ལུགས་ལས་རིགས་ཀྱི་ནོར་དོན་དོ་དམ་ཚད་ལྡན་དང་དྲ་སྦྲེལ་གྱིས་ཆོས་ལུགས་ཆ་འཕྲིན་ལ་ཞབས་འདེགས་ཞུ་རྒྱུ་ཚད་ལྡན་དུ་གཏོང་རྒྱུ་དེ་ཡིན།
         དྲི་བ། 《སྲོལ་ཡིག་》ནང་སྤྱི་དམངས་ཀྱི་ཆོས་དད་རང་མོས་ཀྱི་དབང་ཆ་དང་ཆོས་ལུགས་ལས་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཐད་གཏན་འབེབས་གང་དང་གང་བྱས་ཡོད་དམ།
          ལན། 《སྲོལ་ཡིག་》གི་དོན་ཚན་དྲུག་པའི་ནང་རིམ་ཁག་མི་དམངས་སྲིད་གཞུང་གིས་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་དང་སློབ་གྲྭ ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་བཅས་ལ་སྤྱི་པའི་ཞབས་འདེགས་ཞུ་དགོས་པའི་གཏན་འབེབས་བྱས་ཡོད། དོན་ཚན་བཅུ་བཞི་པ་དང་དོན་ཚན་ཉེར་གསུམ་པའི་ནང་ཆོས་ལུགས་ཀྱི་སློབ་གླིང་སློབ་གྲྭ་དང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་ཁྲིམས་མིའི་ཐོབ་ཐང་ཁ་གསལ་བཏོན་ཡོད། དོན་ཚན་བཅུ་དྲུག་པའི་ནང་ཆོས་ལུགས་ཀྱི་སློབ་གླིང་དང་སློབ་གྲྭའི་དགེ་རྒན་ལ་གོ་མིང་དང་སློབ་མར་སློབ་གནས་སྤྲོད་རྒྱུའི་ལམ་ལུགས་ཁ་གསལ་བཏོན་ཡོད། དོན་ཚན་ཉེར་གསུམ་པའི་ནང་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གིས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་བསྐྲུན་རྒྱུ་དེ་ས་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་ནང་འཇོག་དགོས་པའི་གཏན་འབེབས་བྱས་ཡོད། དོན་ཚན་སོ་བཞི་པའི་ནང་མཛེས་ལྗོངས་ཁུལ་ནང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དང་ཆོས་དད་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ནང་དོན་ཁ་སྣོན་བྱས་ཡོད། དོན་ཚན་སོ་བརྒྱད་པའི་ནང་ཆོས་ལུགས་ཀྱི་ལས་དོན་མི་སྣས་སྤེལ་བའི་སྤྱི་ཕན་དགེ་སྒྲུབ་བྱེད་སྒོ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་དགོས་པ་ཁ་གསལ་བཏོན་ཡོད། དོན་ཚན་སོ་དགུ་པའི་ནང་ཆོས་ལུགས་ལས་དོན་མི་སྣས་ཁྲིམས་ལྟར་སྤྱི་ཚོགས་འགན་སྲུང་གི་དབང་ཆ་ལོངས་སུ་སྤྱོད་རྒྱུའི་གཏན་འབེབས་བྱས་ཡོད། དོན་ཚན་ཞེ་དགུ་པ་དང་དོན་ལྔ་བཅུ་པའི་ནང་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་ཀྱི་སློབ་གླིང་དང་སློབ་གྲྭ ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་བཅས་ཀྱི་རྒྱུ་ནོར་དབང་ཆའི་གཏོགས་ཁོངས་གཏན་འབེབས་བྱས་ཡོད། དོན་ཚན་ང་གཉིས་པའི་ནང་ཆོས་ལུགས་རྒྱུ་ནོར་གྱི་ཡོང་སྒོ་སྤྱོད་ཚུལ་ཁ་གསལ་བཏོན་ཡོད། དོན་ཚན་ང་གསུམ་པའི་ནང་རྩ་འཛུགས་སམ་ཡང་ན་མི་སྒེར་གང་རུང་གིས་ཞལ་འདེབས་བརྒྱབ་ནས་བསྐྲུན་པའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ལ་དབང་བའི་དབང་ཆ་དང་སྤྱོད་པའི་དབང་ཆ་ལོངས་སུ་སྤྱོད་མི་ཆོག་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ནས་དཔལ་འབྱོར་གྱི་ཁེ་ཕན་ལེན་མི་ཆོག ཆོས་ལུགས་ཀྱི་མིང་ཐོག་ནས་ཚོང་ལས་དྲིལ་བསྒྲགས་བྱེད་མི་ཆོག་པའི་གཏན་འབེབས་བྱས་ཡོད། དོན་ཚན་ང་ལྔ་པའི་ནང་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་དང་སློབ་གྲྭའམ་ཡང་ན་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་ཁང་པ་བསྡུ་སྐབས་དངུལ་ཁ་གསབ་དང་། ཁང་པའི་བདག་དབང་བརྗེ་བའམ་ཡང་ན་བསྐྱར་སྐྲུན་བཅས་ཀྱི་གདམ་ག་བྱེད་ཆོག
         དྲི་བ། 《སྲོལ་ཡིག་》ནང་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཞི་མཐུན་ལ་སྲུང་སྐྱོང་བྱེད་པའི་ཐད་གཏན་འབེབས་གང་དང་གང་བྱས་ཡོད་དམ།
         ལན། 《སྲོལ་ཡིག་》གི་དོན་ཚན་གསུམ་པའི་ནང་ཆོས་ལུགས་ལས་དོན་དོ་དམ་ཐད་ཁྲིམས་མཐུན་སྲུང་སྐྱོང་དང་། ཁྲིམས་འགལ་གཏན་འགོག ཐལ་སྐྱོད་བཀག་འགོག སིམ་འཛུལ་སྔོན་འགོག ཉེས་གསོག་ལ་རྡུང་རྡེག་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། དོན་ཚན་བཞི་པའི་ནང་རྩ་འཛུགས་སམ་ཡང་ན་མི་སྒེར་གང་རུང་ཞིག་གིས་ཆོས་ལུགས་སྤྱད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་སྤེལ་མི་ཆོག་པ་དང་། ཆོས་ལུགས་ཀྱི་ཐལ་སྐྱོད་རིང་ལུགས་དྲིལ་བསྒྲགས་དང་། རྒྱབ་སྐྱོར། མ་དངུལ་བཏང་ནས་རོགས་སྐྱོར་བཅས་བྱེད་མི་ཆོག ཆོས་ལུགས་སྤྱད་ནས་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་དང་། རྒྱལ་ཁབ་ཁ་ཕྲལ་གཏོང་བ། འཇིགས་སྐུལ་བྱེད་སྤྱོད་སྤེལ་བ་བཅས་བྱེད་མི་ཆོག་པའི་གཏན་འབེབས་བྱས་ཡོད། དོན་ཚན་ཞེ་གཅིག་པའི་ནང་ཆོས་ལུགས་ཚོགས་པ་མིན་པ་དང་། ཆོས་ལུགས་སློབ་གླིང་དང་སློབ་གྲྭ་མིན་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་མིན་པ་བཅས་སུ་ཆོས་ལུགས་ཀྱི་སློབ་གསོ་གསོ་སྦྱོང་གི་བྱེད་སྒོ་སྤེལ་མི་ཆོག་པ་དང་སྤྱི་དམངས་སྒྲིག་འཛུགས་བྱས་ནས་ཕྱི་རྒྱལ་དུ་ཆོས་ལུགས་ཐད་ཀྱི་གསོ་སྦྱོང་དང་། ཚོགས་འདུ། བྱེད་སྒོ་སོགས་ནང་ཞུགས་མི་ཆོག་པའི་གཏན་འབེབས་བྱས་ཡོད། དོན་ཚན་ཞེ་བཞི་པའི་ནང་ཆོས་ལུགས་ཀྱི་སློབ་གླིང་དང་སློབ་གྲྭ་ཕུད་པའི་སློབ་གྲྭ་དང་དེ་བཞིན་དེ་མིན་སློབ་གསོའི་སྒྲིག་གཞིས་ཆོས་སྤེལ་བ་དང་། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ། ཆོས་ལུགས་ཀྱི་རྩ་འཛུགས་འཛུགས་པ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་འཛུགས་པ་བཅས་བྱེད་མི་ཆོག་པའི་གཏན་འབེབས་བྱས་ཡོད། དོན་ཚན་ཞེ་བརྒྱད་པའི་ནང་དྲ་སྦྲེལ་གྱིས་ཆོས་ལུགས་ཆ་འཕྲིན་ལ་ཞབས་འདེགས་ཞུ་བའི་ནང་དོན་བཀོད་མི་ཆོག་པའི་གཏན་འབེབས་ཁ་གསལ་བྱས་ཡོད། དོན་ཚན་ང་དྲུག་པའི་ནང་སྤྱི་ཕན་དགེ་སྒྲུབ་ཀྱི་བྱེད་སྒོར་བརྟེན་ནས་ཆོས་སྤེལ་མི་ཆོག་པའི་གཏན་འབེབས་བྱས་ཡོད། དོན་ཚན་ང་བདུན་པའི་ནང་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་དང་སློབ་གྲྭ ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་བཅས་ཀྱིས་ས་ཁོངས་ཕྱིའི་རྩ་འཛུགས་དང་མི་སྒེར་གྱི་ཞར་བྱུང་ཆ་རྐྱེན་ཡོད་པའི་ཞལ་འདེབས་དངོས་པོ་དང་ལེན་བྱེད་མི་ཆོག་པའི་གཏན་འབེབས་བྱས་ཡོད། གཞན་ཡང་ད་དུང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་སོགས་ཀྱི་བྱེད་སྤྱོད་ལ་ཆད་པ་གཅོད་དགོས་པའི་ནང་དོན་ཁ་སྣོན་བྱས་ཡོད།
          དྲི་བ། 《སྲོལ་ཡིག་》ནང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཁྲིམས་མིའི་ཐོབ་ཐང་དང་ཆོས་ལུགས་རྒྱུ་ནོར་གྱི་དབང་ཆའི་གཏོགས་ཁོངས་ཐད་གཏན་འབེབས་གང་འདྲ་བྱས་ཡོད་དམ།
         ལན། ཆོས་ལུགས་ལས་རིགས་ཀྱིས་དོ་ཁུར་བྱེད་པའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་ཁྲིམས་མིའི་ཐོབ་ཐང་དང་ཆོས་ལུགས་ཀྱི་རྒྱུ་ནོར་དབང་ཆའི་གཏོགས་ཁོངས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད་《སྲོལ་ཡིག་》གི་དོན་ཚན་ཉེར་གསུམ་པའི་ནང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་ཁྲིམས་མིའི་ཆ་རྐྱེན་དང་འཚམ་རིགས་ལ་ས་གནས་དེ་རང་གི་ཆོས་ལུགས་ཚོགས་པའི་མོས་མཐུན་ཐོབ་པ་དང་འབྲེལ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་ལ་བསྐྱལ་ཏེ་ཞིབ་དཔྱད་བྱས་ནས་མོས་མཐུན་ཐོབ་རྗེས་དམངས་སྲིད་སྡེ་ཚན་དུ་ཁྲིམས་མིའི་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་ཆོག་པའི་གཏན་འབེབས་བྱས་ཡོད། དོན་ཚན་ཞེ་དགུ་པའི་ནང་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་དང་སློབ་གྲྭ ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་བཅས་ཀྱིས་ཁྲིམས་ལྟར་བཟུང་བའི་རྒྱལ་ཁབ་དང་མཉམ་སྡེབ་ལ་དབང་བའི་རྒྱུ་ནོར་ཐད་བཅའ་ཁྲིམས་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དོ་དམ་དང་སྤྱོད་ཆོག་པའི་གཏན་འབེབས་བྱས་ཡོད། དེ་མིན་གྱི་ཁྲིམས་མཐུན་རྒྱུ་ནོར་ཐད་ཁྲིམས་ལྟར་དབང་བའི་དབང་ཆའམ་ཡང་ན་དེ་མིན་གྱི་རྒྱུ་ནོར་དབང་ཆ་ལོངས་སུ་སྤྱོད་ཆོག་གི་ཡོད།
         དྲི་བ། 《སྲོལ་ཡིག་》ནང་ཆོས་ལུགས་ཚོང་ལས་ཅན་དུ་འགྱུར་རྒྱུའི་འཕེལ་ཕྱོགས་གཏན་འགོག་དང་ཆོས་ལུགས་ལས་རིགས་ཀྱི་ནོར་དོན་དོ་དམ་ཚད་ལྡན་དུ་གཏོང་རྒྱུའི་ཐད་གཏན་འབེབས་གང་དང་གང་བྱས་ཡོད་དམ།
         ལན། ཆོས་ལུགས་ཚོང་ལས་ཅན་དུ་འགྱུར་བའི་གནད་དོན་དེས་ཆོས་ལུགས་ཀྱི་གཟུགས་བརྙན་ལ་གནོད་འཚེ་གཏོང་བ་མ་ཟད། སྤྱི་ཚོགས་ཀྱི་དར་སྲོལ་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས་འབྱུང་རྩ་ནས་བཅོས་སྒྲིག་བྱེད་དགོས། 《སྲོལ་ཡིག་》ནང་བྱེད་ཐབས་སྣ་མང་སྤྱད་དེ་ཆོས་ལུགས་ལ་བརྟེན་ནས་རྒྱུ་ནོར་བསྡུ་རྒྱུ་གཏན་འགོག་བྱས་ཡོད། དོན་ཚན་ང་གཉིས་པའི་ནང་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་དང་སློབ་གྲྭ ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ནི་ཁེ་གཉེར་མིན་པའི་རྩ་འཛུགས་ཤིག་རེད། དེའི་རྒྱུ་ནོར་དང་ཡོང་འབབ་ཆོས་ལུགས་ཀྱི་དམིགས་ཡུལ་དང་འཚམ་པའི་བྱེད་སྒོ་དང་དེ་བཞིན་སྤྱི་ཕན་དགེ་སྒྲུབ་ཀྱི་བྱ་གཞག་ཐད་སྤྱོད་དགོས་པ་ལས་བགོ་བཤའ་རྒྱག་མི་ཆོག་པའི་གཏན་འབེབས་བྱས་ཡོད། དོན་ཚན་ང་གསུམ་པའི་ནང་རྩ་འཛུགས་སམ་ཡང་ན་མི་སྒེར་གང་རུང་ཞིག་གིས་ཞལ་འདེབས་བརྒྱབ་ནས་བསྐྲུན་པའི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་དབང་བའི་དབང་ཆ་དང་སྤྱོད་དབང་ལོངས་སུ་སྤྱོད་མི་ཆོག་པ་དང་། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ནས་དཔལ་འབྱོར་གྱི་ཕན་པ་ལེན་མི་ཆོག་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལམ་ཡང་ན་ཕྱིར་སྐུ་བརྙན་བཞེངས་པའི་ཐད་མ་དངུལ་གཏོང་བ་དང་འགན་གཙང་གཉེར་སྐྱོང་བྱེད་མི་ཆོག་ལ་ཆོས་ལུགས་ཀྱི་མིང་ཐོག་ནས་ཚོང་ལས་དྲིལ་བསྒྲགས་བྱེད་མི་ཆོག་པའི་གཏན་འབེབས་བྱས་ཡོད། དོན་ཚན་ང་བརྒྱད་པའི་ནང་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་དང་སློབ་གྲྭ ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ནོར་དོན་དང་རྩིས་གཉེར་ལམ་ལུགས་གཞིར་བཟུང་ནས་རྩིས་གཉེར་ཞིབ་རྩིས་དང་། ནོར་དོན་སྙན་ཞུ། ནོར་དོན་ཡོངས་བསྒྲགས་སོགས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ནོར་དོན་དོ་དམ་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། དགོས་ངེས་ཀྱི་ནོར་དོན་རྩིས་གཉེར་པ་བཀོད་སྒྲིག་བྱེད་པ། ནོར་དོན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་སྒྲིག་འཛུགས་བྱས་ཏེ་ནོར་དོན་དང་རྒྱུ་ནོར་ཞིབ་བཤེར་དང་རྩིས་བཤེར་བྱེད་ཆོག་པའི་གཏན་འབེབས་བྱས་ཡོད། དོན་ཚན་ང་དགུ་པའི་ནང་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་དང་སློབ་གྲྭ ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། ཆོས་ལུགས་ལས་དོན་མི་སྣ་བཅས་ཀྱིས་ཁྲིམས་ལྟར་ཁྲལ་དོན་ཐོ་བཀོད་དང་ཁྲལ་འཇལ་བའི་ཡིག་ཐོག་སྙན་ཞུ་འབུལ་རྒྱུའི་གཏན་འབེབས་བྱས་པ་དང་དུས་མཚུངས། འབྲེལ་ཡོད་ཁྲིམས་ལུགས་ཀྱི་འགན་འཁྲི་གཏན་འབེབས་བྱས་པ་རེད།
          དྲི་བ། 《སྲོལ་ཡིག་》ནང་དྲ་སྦྲེལ་གྱིས་ཆོས་ལུགས་ཀྱི་ཆ་འཕྲིན་ལ་ཞབས་འདེགས་ཞུ་རྒྱུ་ཚད་ལྡན་དུ་གཏོང་བའི་ཐད་གཏན་འབེབས་གང་དང་གང་བྱས་ཡོད་དམ།
         ལན། དྲ་སྦྲེལ་ནི་ཁྲིམས་ཁུར་མི་དགོས་པ་ཞིག་མིན། ཉེ་བའི་ལོ་ཤས་རིང་། དྲ་སྦྲེལ་འདི་ཉིད་རིམ་བཞིན་ཆོས་ལུགས་བརྒྱུད་སྤེལ་གྱི་ཐབས་ལམ་གཙོ་བོ་ཞིག་ཏུ་འགྱུར་བ་དང་དྲ་ཐོག་ཏུ་ཆོས་ལུགས་དང་འབྲེལ་བའི་ཚད་ལྡན་མིན་པའི་སྣང་ཚུལ་སྣ་ཚོགས་དང་ཁྲིམས་འགལ་གྱི་བྱེད་སྤྱོད་ཀྱང་མང་དུ་འགྲོ་བའི་འཕེལ་ཕྱོགས་མངོན་པ་དང་ལྷག་པར་དུ་ཆོས་ལུགས་ཀྱི་ཐལ་སྐྱོད་བསམ་བློ་དྲ་སྦྲེལ་ཐོག་ནས་བརྒྱུད་སྤེལ་བྱེད་ཀྱི་ཡོད་པས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། སྤྱི་དམངས་ཀྱི་མི་ལུས་བདེ་འཇགས་བཅས་ལ་ཉེན་ཁ་ཚབས་ཆེན་བཟོ་གི་ཡོད་སྟབས། དྲ་སྦྲེལ་གྱིས་ཆོས་ལུགས་ཀྱི་ཆ་འཕྲིན་ལ་ཞབས་འདེགས་ཞུ་རྒྱུ་དེ་ངེས་པར་དུ་ཁྲིམས་ལྟར་དོ་དམ་བྱེད་པའི་ནང་འཇུག་དགོས། 《སྲོལ་ཡིག་》གི་དོན་ཚན་ཞེ་བདུན་པའི་ནང་དྲ་སྦྲེལ་གྱིས་ཆོས་ལུགས་ཀྱི་ཆ་འཕྲིན་ལ་ཞབས་འདེགས་ཞུ་བའི་ལས་དོན་སྤེལ་བར་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཚན་གྱི་ཞིབ་བཤེར་དང་མོས་མཐུན་ཐོབ་རྗེས་རྒྱལ་ཁབ་ཀྱི་དྲ་སྦྲེལ་གྱིས་ཆ་འཕྲིན་ལ་ཞབས་འདེགས་ཞུ་བའི་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་ལྟར་སྒྲུབ་དགོས་པའི་གཏན་འབེབས་བྱས་པ་དང་། དོན་ཚན་ཞེ་བརྒྱད་པའི་ནང་དྲ་སྦྲེལ་གྱིས་ཆོས་ལུགས་ཀྱི་ཆ་འཕྲིན་ལ་ཞབས་འདེགས་ཞུ་བའི་ནང་དོན་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། ཆོས་ལུགས་ལས་དོན་དོ་དམ་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས་པའི་གཏན་འབེབས་བྱས་པ། དོན་ཚན་རེ་བརྒྱད་པའི་ནང་དྲ་སྦྲེལ་གྱིས་ཆོས་ལུགས་ཀྱི་ཆ་འཕྲིན་ལ་ཞབས་འདེགས་ཞུ་བའི་ཁྲིམས་འགལ་བྱེད་སྤྱོད་ཐོན་ཚེ་ཆད་པ་གཅོད་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།   འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཚུང་།