མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་འཇར་མན་གྱི་ཙུང་ཐུང་མོའོ་ཁེར་དང་ཞལ་པར་ཐོག་ནས་བཀའ་
མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་09ཉིན། 15:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་7ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་འཇར་མན་གྱི་ཙུང་ཐུང་མོའོ་ཁེར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
          ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནས་བབ་རྒྱུན་འཁྱོངས་བྱས་ཡོད། མི་རིང་བའི་གོང་། ངས་འཇར་མན་ལ་རྒྱལ་དོན་འཚམས་འདྲི་བྱས་པ་དང་འབྲེལ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་ཧན་པོའི་དབུ་ཚོགས་ནང་ཞུགས་སྐབས་། ཙུང་ལི་མཁྱེན་ལྡན་མ་ཕྱོགས་དང་ཀྲུང་འཇར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ངོས་འཛིན་གཅིག་མཐུན་གསར་པ་བྱུང་། ཀྲུང་འཇར་མཉམ་ལས་ཀྱི་དོན་སྙིང་དེ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ལས་སྔ་ས་ནས་བརྒལ་བས་འཛམ་གླིང་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དེ་བས་གལ་འགངས་ཆེ་བའི་དོན་སྙིང་ལྡན་པས་ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་ཕྱོགས་མང་སྒྲོམ་གཞིའི་ནང་མུ་མཐུད་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         མོའོ་ཁེར་གྱིས་ཞི་ཀྲུའུ་ཞིའི་འདི་ལོའི་ཟླ་7པའི་རྒྱལ་དོན་འཚམས་འདྲི་ཐུགས་གྲ་ལེགས་འགྲིག་བྱུང་བས་འཇར་ཀྲུང་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་དང་། དཔལ་འབྱོར་ཉོ་ཚོང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་འགྲོ་འོང་ཉིན་རེ་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་ཆེ་བའི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་མཐུན་སྦྱོར་རྒྱུན་འཁྱོངས་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
        རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ལ་དགོངས་འཆར་བརྗེ་རེས་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་ཉིང་རྡུལ་མཚོན་ཆ་མེད་པ་བཟོ་བའི་དམིགས་ཚད་མཐའ་འཁྱོངས་བྱ་རྒྱུ་དང་། རྒྱལ་སྤྱིའི་ཉིང་རྡུལ་ཁྱབ་འགྱེད་མི་བྱེད་པའི་མ་ལག་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ། ཨེ་ཤེ་ཡའི་བྱང་ཤར་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་བཅས་ཡིན། ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་མཐར་སྐད་ཆ་ཤོད་རེས་ཀྱི་གྲོས་མོལ་ཚུད་པའི་ཞི་བདེའི་ཐབས་ཤེས་བརྒྱུད་ཐག་གཅོད་ཐུབ་རྒྱུ་ཡིན་པ་དོན་དངོས་ནས་ར་སྤྲོད་ཐེངས་མང་བྱས་ཡོད། དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
        མོའོ་ཁེར་གྱིས་འཇར་མན་ཕྱོགས་ཀྱིས་ཆབ་སྲིད་ཀྱི་བྱེད་ཐབས་བརྒྱུད་ཞི་བདེའི་ངང་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། འབྲེལ་ཡོད་ཕྱོགས་ཁག་གིས་སླར་ཡང་སྐད་ཆ་ཤོད་རེས་བྱེད་པར་སྐུལ་འདེད་གཏོང་བར་མོས་མཐུན་བྱ་རྒྱུ་ཡིན། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་སྦྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཞི་བདེའི་ངང་ཁྲའོ་ཞན་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཤེས་སྔ་ཙམ་འཚོལ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།