མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་《དྲ་སྦྲེལ་ཚོགས་ཀྱི་ཆ་འཕྲིན་ཞབས་ཞུའི་དོ་དམ་
གཏན་འབེབས་》ཡོངས་བསྒྲགས་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་10ཉིན། 15:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་7ཉིན་རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་《དྲ་སྦྲེལ་ཚོགས་ཀྱི་ཆ་འཕྲིན་ཞབས་ཞུའི་དོ་དམ་གཏན་འབེབས་》(གཤམ་ལ་《གཏན་འབེབས་》ཞེས་བསྡུ་རྒྱུ)བཀྲམ་པ་དང་། 2017ལོའི་ཟླ་10ཚེས་8ཉིན་དངོས་སུ་ལག་ལེན་བསྟར་རྒྱུ་རེད།
          《གཏན་འབེབས་》གཞིར་བཟུང་དྲ་སྦྲེལ་ཚོགས་ཀྱི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་ཆ་འཕྲིན་ནང་དོན་གྱི་བདེ་འཇགས་དོ་དམ་གྱི་བྱེད་པོའི་འགན་འཁྲི་ངེས་པར་དུ་དོན་འཁྱོལ་བྱེད་དགོས་པ་མ་ཟད། “ལས་སྟེགས་རྒྱབ་ཏུ་མིང་ངོ་མ་འགོད་པ་དང་མདུན་དུ་རང་མོས”ཀྱི་རྩ་དོན་གཞིར་བཟུང་། དྲ་སྦྲེལ་ཚོགས་ཀྱི་ཆ་འཕྲིན་ཞབས་ཞུ་དང་ལེན་བྱེད་མཁན་གྱི་ཐོབ་ཐང་ངོ་མའི་ཆ་འཕྲིན་བདེན་མིན་ར་སྤྲོད་བྱེད་དགོས། དྲ་སྦྲེལ་ཚོགས་སྤྱོད་མཁན་གྱིས་ཐོབ་ཐང་ངོ་མ་མཁོ་འདོན་བྱས་མེད་ན། དེར་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་མི་རུང་།
          《གཏན་འབེབས་》ནང་དྲ་སྦྲེལ་ཚོགས་ཀྱི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་རང་ངོས་ཀྱི་ཞབས་ཞུའི་གཞི་ཁྱོན་དང་དོ་དམ་ནུས་པ་གཞིར་བཟུང་། དྲ་སྦྲེལ་ཚོགས་ཀྱི་ཁོངས་མིའི་མི་གྲངས་དང་མི་སྒེར་གྱིས་བཙུགས་པའི་དྲ་སྦྲེལ་ཚོགས་པའི་གྲངས་དང་དེར་ཞུགས་མཁན་གྱི་མི་གྲངས་ཀྱི་ཚད་གཞི་ལུགས་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་དགོས་པ་བསྟན་ཡོད།
         དྲ་སྦྲེལ་ཚོགས་ཀྱི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་དྲ་སྦྲེལ་ཚོགས་ཀྱི་དབྱེ་འབྱེད་ཨང་ཀི་འབའ་ཞིག་དེ་སྒྲིག་བཟོ་བྱེད་དགོས་པ་དང་། ཁོངས་མིའི་གཞི་ཁྱོན་ངེས་ཅན་ཞིག་ཆགས་པའི་དྲ་སྦྲེལ་ཚོགས་ཀྱིས་ཚོགས་པའི་ཆ་འཕྲིན་གྱི་པར་ངོས་བཙུགས་ནས། དྲ་སྦྲེལ་ཚོགས་ཀྱི་མིང་དང་། མི་གྲངས། རིགས་སྣ་སོགས་ཀྱི་གཞི་རྩའི་ཆ་འཕྲིན་གསལ་པོ་འགོད་དགོས།
         དྲ་སྦྲེལ་ཚོགས་ཀྱི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་དྲ་སྦྲེལ་ཚོགས་ཀྱི་གཞི་ཁྱོན་དང་རིགས་སྣ་གཞིར་བཟུང་། དྲ་སྦྲེལ་ཚོགས་འཛུགས་པའི་ཐོབ་ཐང་ངོ་མ་དང་ཡིད་རྟོན་གྱི་རིམ་པ་སོགས་ཚོགས་པ་འཛུགས་པའི་ཐོབ་ཐང་ལ་རིག་དབྱེ་ཞིབ་དཔྱད་བྱས་ཏེ་ཚོགས་པ་འཛུཌ་པ་དང་ཚོགས་པར་ཞུགས་པ་སོགས་ཞིབ་དཔྱད་ར་སྤྲོད་ནུས་པ་འཐུས་སྒོ་ཚང་དུ་གཏོང་བ་དང་འབྲེལ། ཚོགས་པ་འཛུགས་མཁན་དང་། དོ་དམ་བྱེད་མཁན། དེ་བཞིན་ཁོངས་མིའི་ཐོབ་ཐང་གི་ཆ་འཕྲིན་གསལ་པོ་འགོད་དགོས།
        《གཏན་འབེབས་》ནང་དྲ་སྦྲེལ་ཚོགས་འཛུགས་མཁན་དང་དོ་དམ་བྱེད་མཁན་གྱིས་དྲ་སྦྲེལ་ཚོགས་ཀྱི་དོ་དམ་འགན་འཁྲི་ངེས་པར་དུ་འཁུར་དགོས་པ་མ་ཟད། བཅའ་ཁྲིམས་ཁྲིམས་སྲོལ་དང་། སྤྱོད་མཁན་གྱི་གྲོས་མཐུན། ལས་སྟེགས་ཀྱི་སྤྱི་ཆིངས་བཅས་གཞིར་བཟུང་། ཚོགས་པའི་དྲ་རྒྱའི་བྱ་སྤྱོད་དང་ཆ་འཕྲིན་ཡོངས་བསྒྲགས་ཚད་ལྡན་དུ་བཏང་ནས་ཤེས་དཔལ་དང་གོ་རིམ་ལྡན་པའི་དྲ་རྒྱའི་ཚོགས་ཀྱི་བར་མཐོངས་ཤིག་གཏོད་དགོས་པའི་བླང་བྱ་བཏོན་ཡོད།
         《གཏན་འབེབས་》ནང་ད་དུང་དྲ་སྦྲེལ་ཚོགས་ཀྱི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་མཁན་དང་བེད་སྤྱོད་བྱེད་མཁན་གྱིས་དྲ་སྦྲེལ་ཚོགས་བརྒྱུད་དེ་བཅའ་ཁྲིམས་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ནང་བཀག་སྡོམ་བྱེད་པའི་ཆ་འཕྲིན་གྱི་ནང་དོན་བརྒྱུད་སྤེལ་བྱ་མི་ཆོག་པ་དང་། དྲ་སྦྲེལ་ཚོགས་ཀྱི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་བཅའ་ཁྲིམས་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་བའི་དྲ་སྦྲེལ་ཚོགས་ལ་ཁྲིམས་དང་ཁ་ཆད་གཞིར་བཟུང་ཉེན་བརྡ་དང་དག་ཐེར་དང་། ཡོངས་བསྒྲགས་བྱེད་མཚམས་འཇོག་པ། དྲ་སྦྲེལ་ཚོགས་སྤྱོད་མཚམས་འཇོག་པ་སོགས་ཀྱི་ཐག་གཅོད་བྱེད་ཐབས་སྤྱད་དེ་འབྲེལ་ཡོད་ཀྱི་ཟིན་ཐོ་ཉར་ཚགས་བྱས་ཏེ་འབྲེལ་ཡོད་གཙོ་གཉེར་སྡེ་ཚན་ལ་སྙན་སེང་ཞུ་དགོས་ཞེས་བསྟན་ཡོད།