མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་
ལ་སྐུལ་འདེད་མྱུར་པོ་བཏང་ནས་འབྲུ་རིགས་ཐོན་ལས་ཀྱི་དཔལ་འབྱོར་འཕེལ་རྒྱས་
ཤུགས་ཆེན་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》བཀྲམ་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་10ཉིན། 15:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

             མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་མྱུར་པོ་བཏང་ནས་འབྲུ་རིགས་ཐོན་ལས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》བཀྲམ་སྟེ་འབྲུ་རིགས་ཐོན་ལས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུའི་སྤྱིའི་བླང་བྱ་དང་། གཙོ་གནད་ལས་འགན། འགན་ལེན་བྱ་ཐབས་བཅས་ཁ་གསལ་བཏོན་པ་རེད།
             《བསམ་འཆར་》ནང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འཐབ་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་མྱུར་པོ་གཏོང་བ་གཙོ་རྐང་དུ་རྩི་བ་དང་། གནོད་མེད་འབྲུ་རིགས་སྤུས་ལེགས་ཐོན་རྫས་མཁོ་སྤྲོད་བྱེད་མང་དུ་གཏོང་བ་དང་ཁྲོམ་ར་ཅན་གྱི་དུས་བབ་འོག་ཞིང་པའི་འབྲུ་རིགས་འཚོང་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ། ཞིང་པར་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་འདེད་དང་འབྲུ་རིགས་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་གཙོ་གནད་དུ་འཛིན་པ་བཅས་ཀྱི་སྒོ་ནས་འབྲུ་རིགས་སྤུས་ལེགས་ཀྱི་འདུ་འགོད་ལག་བསྟར་ཤུགས་ཆེན་དང་། འབྲུ་རིགས་ཐོན་ལས་གསར་གཏོད་གོང་འཕེལ་ལ་སྐུལ་འདེད། ཕྱོགས་སྒྱུར་རིམ་སྤོར་དང་སྤུས་ཚད་དང་ནུས་པ་མཐོ་རུ་བཅས་བཏང་སྟེ་རིམ་པ་དེ་བས་མཐོ་བ་དང་། སྤུས་ཚད་དེ་བས་ལེགས་པ། ལས་ཕྱོད་དེ་བས་ཆེ་བ། དེ་བས་རྒྱུན་མཐུད་ཆོག་པ་བཅས་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་མ་ལག་འཛུགས་ཆེད་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་བཏོན་ཡོད་པ་རེད།
          《བསམ་འཆར་》ནང་2020ལོར་སླེབས་སྐབས་རང་རྒྱལ་གྱི་གནས་ཚུལ་དང་འབྲུ་རིགས་ཀྱི་གནས་ཚུལ་དང་འཚམ་པའི་དེང་རབས་འབྲུ་རིགས་ཐོན་ལས་ཀྱི་མ་ལག་ཅིག་རགས་ཙམ་སྐྲུན་ཐུབ་པར་བྱས་ནས་རང་རྒྱལ་གྱི་འབྲུ་རིགས་ཀྱི་སྤུས་ཀ་དག་ཚད་བརྒྱ་ཆའི་གྲངས་10ཡས་མས་མཐོ་རུ་གཏོང་རྒྱུ་དང་། འབྲུ་རིགས་ཐོན་ལས་ཀྱི་རིན་ཐང་འཕར་མ་ལོ་རེར་ཆ་སྙོམས་7%གཡས་གཡོན་འཕར་བར་བྱ་རྒྱུ། འབྲུ་རིགས་ལས་སྣོན་གཞན་སྒྱུར་བྱེད་ཚད་88%ཟིན་པར་བྱ་རྒྱུ། བཟའ་བཅའ་གཙོ་བོ་བཟོ་ལས་ཅན་དུ་འགྱུར་ཚད་25%ཡན་མཐོ་རུ་གཏོང་རྒྱུ། གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་བརྒྱ་ལས་སྒྲོལ་བའི་འབྲུ་རིགས་ཁེ་ལས་50ཡན་ཟིན་པར་བྱ་རྒྱུ། འབྲུ་རིགས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཆེ་གྲས་དང་འབྲུ་རིགས་ཐོན་ལས་ཚོམ་བུའི་སྐུལ་ཁྲིད་ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་རྒྱུ། འབྲུ་རིགས་ཀྱི་ཚན་རྩལ་གསར་གཏོད་བྱེད་ནུས་དང་འབྲུ་རིགས་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་བྱེད་ནུས་སྔར་བས་མཐོ་རུ་གཏོང་རྒྱུ་བཅས་ཁ་གསལ་བཏོན་ཡོད་པ་རེད།