མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སུན་ཁྲུན་ལན་ཀྲུང་གོའི་བོད་སྐད་ཚན་ཁག་མཐོ་རིམ་ནང་བསྟན་སློབ་གླིང་བཙུགས་ནས་ལོ་30
འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་10ཉིན། 15:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

       མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་8ཉིན་ཀྲུང་གོའི་བོད་སྐད་ཚན་ཁག་མཐོ་རིམ་ནང་བསྟན་སློབ་གླིང་བཙུགས་ནས་ལོ་30འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན་ཚོགས་ཆེན་དུ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
        སུན་ཁྲུན་ལན་གྱིས་མཐོ་རིམ་ནང་བསྟན་སློབ་གླིང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་ཚབ་མཚོན་མི་སྣ་ཁག་གཅིག་གསོ་སྐྱོང་བྱས་ནས་བོད་བརྒྱུད་ནང་བསྟན་རྒྱུན་འཛིན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། སླད་ཕྱིན་མཐོ་རིམ་ནང་བསྟན་སློབ་གླིང་གིས་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གསར་དུ་བཟོ་བཅོས་བརྒྱབ་པའི་《ཆོས་ལུགས་ལས་དོན་སྲོལ་ཡིག་》ལག་ལེན་མཐར་ཕྱིན་བསྟར་བ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་གཅིག་མཐུན་ཡོང་བར་བྱེད་པ། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣ་གསོ་སྐྱོང་གི་ཐབས་ལམ་གཙོ་བོའི་ལེགས་ཆ་འདོན་སྤེལ་གང་ལེགས་བཅས་བྱས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་དང་དེ་བཞིན་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་ཕྱིར་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་གནང་བ་རེད།
       ཚོགས་ཆེན་མ་འཚོགས་གོང་སུན་ཁྲུན་ལན་གྱིས་ཀྲུང་གོའི་བོད་སྐད་ཚན་ཁག་མཐོ་རིམ་ནང་བསྟན་སློབ་གླིང་དང་དུས་སྐབས་གསར་པའི་བོད་བརྒྱུད་ནང་བསྟན་གྱི་ཤེས་ལྡན་པ་གསོ་སྐྱོང་སྐོར་གྱི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད།