མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོའི་ཁྱད་ཆོས་དང་འཛམ་གླིང་ཆུ་ཚད་ཀྱི་དེང་རབས་སློབ་གསོའི་ཕྱོགས་སུ་བསྐྱོད་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་10ཉིན། 15:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། སློབ་གསོ་འཕེལ་རྒྱས་གཏོང་བར་སྒྱུར་བཅོས་ནི་འགག་རྩ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་པར་བརྟེན་རྒྱལ་ཁབ་ཀྱི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་གྱི་གཏོང་སྒོས་རྒྱལ་ནང་ཐོན་སྐྱེད་བསྡོམས་འབོར་ལས་བཟུང་བའི་བསྡུར་ཚད་ལོ་ལྔ་བསྟུད་མར་4%ཡན་དུ་རྒྱུན་འཁྱོངས་ཐུབ་ཡོད། མཚོན་རྟགས་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་སྒྱུར་བཅོས་བྱེད་ཐབས་ཁག་གཅིག་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་སློབ་གསོའི་དཀའ་གནད་ཁག་གཅིག་བསལ་ཡོད། སློབ་གསོའི་སྒྱུར་བཅོས་ཀྱི་སྤུས་ཚད་མཐོ་བ་དང་སྣ་མང་ཅན་གྱི་མི་དམངས་མང་ཚོགས་ཀྱི་སློབ་གསོའི་དགོས་མཁོ་རིམ་གྱིས་བསྐོངས་ཐུབ་པ་མ་ཟད། རྒྱལ་ཁབ་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཤེས་ལྡན་མི་སྣ་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་མཁོ་འདོན་ཐུབ་ཡོད། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་རྩ་བར་བྱས་པར་བརྟེན“ཀྲུང་གོའི་ཁྱད་ཆོས་དང་འཛམ་གླིང་ཆུ་ཚད་ཀྱི་དེང་རབས་ཅན་གྱི་སློབ་གསོའི”ལམ་དེ་བས་ཇེ་ཡངས་སུ་ཕྱིན་ཡོད།
          ཡིག་རྒྱུགས་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་བཏང་བ་ནས“སློབ་ཆེན་རྩེ་གྲ་དང་རིག་ཚན་རྩེ་གྲ”སྐྲུན་པའི་བར་དང་། ཡང་གྲོང་གསེབ་ཀྱི་དགེ་རྒན་ལ་རོགས་སྐྱོར་བྱེད་པའི་འཆར་གཞིའི་བར་བཅས་ལོ་ལྔའི་རིང་ཀྲུང་དབྱང་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གིས་གོང་འོག་ལ་ཁྱབ་པ་དང་སྤྱི་ཡོངས་དང་འབྲེལ་བའི་སྒྱུར་བཅོས་ཇུས་གཞི་རབ་དང་རིམ་པ་བསྟུད་མར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་རྩེ་རིམ་ཇུས་འགོད་བྱེད་ཚད་ཀྱང་སྔར་འབྱུང་མྱོང་མེད་པ་ཞིག་རེད། ལོ་ལྔའི་རིང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྒྲིག་གཞི་སྒྱུར་བཅོས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་སློབ་གཉེར་སྒྲིག་གཞིའི་སྒྱུར་བཅོས་ལ་སློབ་གྲྭའི་གསོན་ཤུགས་རྒྱས་པ་དང་འབྲེལ་སློབ་གསོ་དོ་དམ་སྒྲིག་གཞིའི་སྒྱུར་བཅོས་དང་སློབ་གསོ་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་ཐེབས་ཡོད།
         རང་རྒྱལ་གྱི་སློབ་གསོའི་བྱ་གཞག་གི་སྤྱི་ཡོངས་ཀྱི་འཕེལ་རྒྱས་ཆུ་ཚད་འཛམ་གླིང་གི་འབྲིང་གྲས་ཡན་དུ་སླེབས་ཤིང་། སློབ་གསོ་ཁྱབ་གདལ་གཏོང་བའི་ཆུ་ཚད་མཐོ་བ་དང་། ལོ་གསུམ་རིང་རྒྱལ་ཡོངས་ཀྱི་སློབ་ཞུགས་གོང་གི་བྱིས་པ་བུ་བཅོལ་ཁང་དུ་སྐྱོད་ཚད་ཡོང་འབབ་འབྲིང་མཐོའི་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པ་དང་། འོས་འགན་སློབ་གསོ་ཁྱབ་གདལ་གཏོང་ཚད་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་བ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་དང་མཐོ་རིམ་སློབ་གསོའི་སློབ་མའི་གྲངས་ཚད་ཡོང་འབབ་འབྲིང་མཐོའི་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད།
         སློབ་གསོ་གཞུང་དྲང་གི་ལས་དོན་ལ་ཡུན་རིང་འཕེལ་རྒྱས་ཕྱིན་པ། 2016ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་རྫོང་རིམ་པའི་ཚན་པ་708ལས་ཚན་པ་684ལ་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་ནས་ཁྱབ་ཚད་97%ཟིན་ཡོད། “སློབ་ཡོན་རྩ་ཆག་གི་དགེ་འོས་སློབ་མ”ལས་ལོ་ལྟར་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་3.4ཐད་ཀར་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་དུ་དགེ་རྒན་བྱེད་པར་གཏོང་བ་དང“དམིགས་བསལ་ལས་གནས་ཀྱི་དགེ་རྒན”ཁྲི་31དབུས་ནུབ་རྒྱུད་ཀྱི་གྲོང་གསེབ་སློབ་གྲྭ་ཁྲི་3ལྷག་ཙམ་ཏུ་བཏང་བ་དང་འབྲེལ་དབུས་ནུབ་རྒྱུད་ཀྱི་གྲོང་གསེབ་དགེ་རྒན་ཁྲི་640ལྷག་ཙམ“རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞིའི”གསོ་སྦྱོང་ལ་ཞུགས་ཡོད། དེ་དང་ཆབས་ཅིག་སློབ་མ་ཁྲི་3600ལྷག་ཙམ་ལ་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞིའི་ཕན་པ་ཐོབ་པ་དང་། རྒྱལ་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་མ་ལས་གསུམ་ཆ་གཉིས་ཀྱི་སློབ་ཡོན་ཙག་ཙིག་རྩ་ཆག་བཏང་བ་དང་སློབ་མ་གསུམ་ཆ་གཉིས་ལ་རོགས་དངུལ་སྣ་ཚོགས་ཀྱི་རོགས་རམ་བྱས་ཡོད།
          སློབ་གསོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང་། ལས་རིགས་སློབ་གསོས་ལོ་ལྟར་ལས་རིགས་ཁག་ལ་ལག་རྩལ་ཤེས་ལྡན་མི་སྣ་ཁྲི་1000བཏང་བ་དང་། རིགས་ཁག་གི་གསོ་སྦྱོང་ལ་ཞུགས་མཁན་མི་ཐེངས་དུང་ཕྱུར་ཟིན་ཏེ་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་ཐོན་ལས་གསར་པ་དང་ལས་རིགས་གསར་པ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད། མཐོ་སློབ་ཀྱི་གསར་གཏོད་ལས་གཏོད་ཀྱི་སློབ་གསོའི་ཐད་འཕེལ་ཕྱོགས་བཟང་པོ་ཐོན་ནས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་གཙོ་ཤུགས་དམག་ལ་གྱུར་ཡོད། ད་ཕན་ལོ་ཤས་རིང་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱ་དགའ་ཆེན་པོ་གསུམ་ལས་མཐོ་སློབ་ལ་ཐོབ་པའི་བྱ་དགའི་གྲངས་འབོར་དེ་རྒྱལ་ཡོངས་གྲངས་འབོར་གྱི་70%ཡན་བཟུང་ཡོད་པ་དང་། སྤྱི་ཚོགས་ཚན་རིག་གི་གྲུབ་འབྲས་ཆེན་པོའི་བསྡུར་ཚད་ཀྱིས་རྒྱལ་ཡོངས་ཀྱི་80%ཡན་བཟུང་ཡོད་པ་མ་ཟད། ཁེ་བེད་བདག་ཐོབ་རེ་ཞུ་བྱེད་མཁན་གྱི་གྲངས་འབོར་ཆ་སྙོམས་ལོ་རེར་20%ཙམ་འཕར་ཡོད་པ་རེད།