མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཧྥ་རན་སེའི་ཙུང་ཐུང་མ་ཁེ་རུན་དང་ཞལ་པར་ཐོག་ནས་བཀའ་
མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་10ཉིན། 15:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

             མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཧྥ་རན་སེའི་ཙུང་ཐུང་མ་ཁེ་རུན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཧྥ་རན་སེའི་སྲོལ་རྒྱུན་གྱི་མཛའ་གྲོགས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ང་དང་ཙུང་ཐུང་སྐུ་ཞབས་ཧན་པའོ་རུ་ཞལ་འཛོམས་ཐེངས་དང་པོ་བྱེད་སྐབས་ནས་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེན་པོ་ལྡན་པའི་ཀྲུང་ཧྥའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་། ཕྱོགས་གཉིས་པོས་སོ་སོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་དེ་བས་དམ་ཟབ་ཀྱི་མཉམ་ལས་མུ་མཐུད་བྱས་པས་ཆུ་ཚད་མཐོ་བའི་གཉིས་ཁེ་གཉིས་ཕན་བྱུང་ནས་ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བ་རྒྱུན་མཐུད་དང་སྐྱོན་བྲལ། བརྟན་པོ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ཡོད། ཀྲུང་གོས་ཧྥ་རན་སེ་དང་ཡོ་རོབ་འཛམ་གླིང་གི་བརྟན་ལྷིང་དར་རྒྱས་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ལ་བརྩི་ཡི་ཡོད་པ་དང་། ངས་རྒྱལ་ཁབ་གཉིས་པོས་གོ་ལ་ཧྲིལ་པོ་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་མཐུད་མཐུན་སྦྱོར་དམ་ཟབ་དང་རྒྱུན་འཁྱོངས་བྱ་རྒྱུར་མོས་པོ་བྱེད་ཀྱི་ཡོད་ཅེས་གསུངས།
          མ་ཁེ་རུན་གྱིས་ཀྲུང་གོས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞ་མོན་ཞལ་འཛོམས་ལེགས་གྲུབ་ལྡན་པའི་ངང་གཉེར་བར་རྟེན་འབྲེལ་ཞུས་པ་དང་། ཁོང་གིས་ཧྥ་ཀྲུང་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པ་དང་། མིག་སྔའི་རྒྱལ་སྤྱིའི་དུས་བབ་འོག་ཧྥ་ཀྲུང་གིས་མཉམ་ལས་བྱས་ཏེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་རྒྱུ་སྔོན་མ་ལས་གལ་འགངས་ཧ་ཅང་ཆེ་བ་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཧྥ་ཀྲུང་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། ལམ་སྲོལ་རང་བཞིན་གྱི་སྐད་ཆ་ཤོད་རེས་ཡག་པོ་བྱེད་པ། དཔལ་འབྱོར་དང་། ཉིང་རྡུལ་ནུས་པ། ཁོར་ཡུག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་ལ་གཞོལ་བཞིན་ཡོད་ཅེས་གསུངས།
        རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ཐད་དགོངས་འཆར་བརྗེ་རེས་གནང་ཞིང་། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན་ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་བཟོ་བའི་དམིགས་ཚད་མཐའ་འཁྱོངས་བྱ་རྒྱུ་དང་། རྒྱལ་སྤྱིའི་ཉིང་རྡུལ་མ་མཆེད་པའི་མ་ལག་དང་ཨེ་ཤེ་ཡའི་བྱང་ཤར་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་མཐར་གཏུག་སྐད་ཆ་ཤོད་རེས་དང་གྲོས་མོལ་ཚུད་པའི་ཞི་བའི་བྱ་ཐབས་ཁོ་ནས་ཐག་གཅོད་བྱེད་ཐུབ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཡིན་པའི་ཧྥ་རན་སེ་ཕྱོགས་ཀྱིས་དུས་བབ་ཞི་ལྷོད་དུ་གཏོང་བ་དང་བསྐྱར་དུ་སྐད་ཆ་ཤོད་རེས་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་གསུངས།
         མ་ཁེ་རུན་གྱིས་ཧྥ་རན་སེ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ལ་གཞོལ་བཞིན་ཡོད་པ་དང་། ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་པའི་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་དང་ནུས་པ་གལ་ཆེན་ལ་མཐོང་ཆེན་བྱེད་པ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐག་གཅོད་ཡག་པོ་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།