མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ཀྱི་ཐབས་ལམ་ཞིག་ནུས་ཤུགས་ཡོད་རྒུས་གཏོད་དགོས། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་12ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

ཡུན་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཧའོ།

ཡུན་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཧའོ།

         མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་གཏོད་དགོས་ཞེས་པའི་བཀའ་མངགས་བརྟན་པོར་ངེས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཡུན་ནན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་ལམ་བུའི་ཐོག་སྲ་ཞིང་བརྟན་པའི་གོམ་སྟབས་སྤོ་དགོས།
         སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཡུན་ནན་འཕེལ་རྒྱས་དེ་བས་ལེགས་པ་གཏོང་དགོས་ཞེས་གསུངས་ཡོད། ང་ཚོས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཅས་ལག་བསྟར་དོན་འཁྱོལ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིས་ཡུན་ནན་ལ་བཏོན་གནང་བའི“རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ནས་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྣེ་ཁྲིད་པ། ཨེ་ཤེ་ཡ་ལྷོ་རྒྱུད་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱུད་ལ་ཕྱོགས་པའི་ཁྱབ་འགྱེད་ལྟེ་གནས་བཅས་སུ་གྱུར་ཐབས་ཧུར་ཐག་བྱེད་དགོས”ཞེས་པ་དང་དེ་བཞིན“ཤུགས་རྒྱག་དགོས་པ་ལྔ”སོགས་ཀྱི་བླང་བྱ་གསར་པ་དང་། ངེས་གནས་གསར་པ། ལས་འགན་གསར་པ་བཅས་དང་སྤྱི་ཡོངས་ཡིན་པའི་ཆ་ནས་མཉམ་དུ་འཆར་འགོད་དང་། མཉམ་དུ་ལག་བསྟར། མཉམ་དུ་དོན་འཁྱོལ་བཅས་བྱེད་དགོས།
        མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་སྐྲུན་དགོས་པའི་བཀའ་མངགས་བརྟན་པོར་ངེས་ནས་མི་དམངས་ལྟེ་བར་བྱས་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མི་དམངས་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས།
        ཡུན་ནན་ནི་རྒྱལ་ཡོངས་ཀྱི་མི་རིགས་ལས་དོན་གྱི་ལས་འགན་ལྕི་ཤོས་ཀྱི་ཞིང་ཆེན་གྲས་ཤིག་ཡིན་ཞིང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཡུན་ནན་དུ་མི་རིགས་ལས་དོན་དོན་གཉེར་མ་བྱས་ཚེ་སྤྱི་ཡོངས་དོན་གཉེར་དེ་ཙམ་བྱེད་མི་ཐུབ”ཅེས་པའི་ཡང་དག་པའི་མཛུབ་ཁྲིད་དགོངས་པ་དང“མི་རིགས་ཁག་ཁྱིམ་ཚང་གཅིག་ལྟར་ཡིན་པས་ཁྱིམ་མི་གཅིག་གིས་འཚོ་བ་ཡག་པོ་སྐྱེལ་དགོས”ཞེས་པའི་འདུ་ཤེས་བརྟན་པོར་ངེས་ཏེ་མི་རིགས་ས་ཁུལ་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་རྒྱུ་དེ་ཞིང་ཆེན་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལས་དོན་ནང་མཉམ་འདྲེས་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་ནི་འཕེལ་རྒྱས་གཏོང་བའི་དོན་ཆེན་དང་པོ་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ཏེ་ཕྱོགས་ཡོངས་ནས་འགག་སྒྲོལ་བྱ་རྒྱུ་དང་ཤིན་ཏུ་དབུལ་བའི་ས་ཁུལ་མངོན་གསལ་དུ་བྱ་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས“ཏང་སྲིད་འགོ་ཁྲིད་ཀྱིས་འགན་འཁྲི་གཙོ་བོ་ཁུར་བ”དང“རིམ་པ་ལྔའི་ཧྲུའུ་ཅིས་དབུལ་སྐྱོར་ལ་དམ་འཛིན་བྱེད་པ་དང་ཏང་སྲིད་འགན་མཉམ་ཁུར་གྱིས་འགག་སྒྲོལ་ལ་སྐུལ་འདེད”བཏང་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་ཁག་ལག་བསྟར་གཏིང་ཟབ་བྱས་ཐོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་2012ལོའི་ལོ་མཇུག་གི་མི་ཁྲི་804ནས་2016ལོའི་ལོ་མཇུག་གི་མི་ཁྲི་363བར་ཉུང་དུ་ཕྱིན་པ་རེད།
          སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྣེ་ཁྲིད་པ་བྱེད་དགོས་པའི་བཀའ་མངགས་བརྟན་པོར་ངེས་ནས་རང་ཉིད་ཀྱི་མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱས་ཏེ་མེས་རྒྱལ་ལྷོ་རྒྱུད་ཀྱི་མཛེས་སྡུག་ལྡན་པའི་མེ་ཏོག་ལྡུམ་ར་གཏོད་དགོས།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྣོད་བཅུད་ཁོར་ཡུག་ནི་ཡུན་ནན་གྱི་རྩ་ཆེའི་རྒྱུ་ནོར་ཡིན་ལ། རྒྱལ་ཡོངས་ཀྱི་རྩ་ཆེའི་རྒྱུ་ནོར་ཡང་ཡིན་པས་ངེས་པར་དུ་མི་རབས་ནས་མི་རབས་བར་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་དམིགས་སུ་བཀར་ནས་བཀའ་མངགས་གནང་ཡོད། ང་ཚོས་ཞིང་ཆེན་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་བྱ་སྤྱོད་ཧུར་ཐག་སྤེལ་རྒྱུར་སྐུལ་སློང་བྱས་ཏེ་ཡུན་ནན་གྱི་སྔོ་ཞིང་དྭངས་བའི་རི་ཆུ་དང་ཨ་སྔོན་སྤྲིན་དཀར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། སྲུང་སྐྱོང་སྔོན་ལ་བྱེད་པ་དང་རང་བྱུང་སླར་གསོ་བྱ་རྒྱུ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ནགས་དབང་ལམ་ལུགས་སྒྱུར་བཅོས་དང་སྲ་བརྟན་གཏིང་ཟབ་ཏུ་གཏོང་བ་དང་ནགས་ཚལ་ལྡན་པའི་ཡུན་ནན་འཛུགས་སྐྲུན་བྱ་རྒྱུར་མཐོང་ཆེན་བྱས་པས་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་ཁྱབ་ཚད་59.3%དང་ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་2607ཟིན་ཏེ་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་བྱ་སྤྱོད་འཆར་གཞིར་སྐུལ་འདེད་ཧུར་ཐག་བཏང་བས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། སྣོད་བཅུད་ཁོར་ཡུག་བཅོས་སྐྱོང་དང་སྲུང་སྐྱོང་བྱ་རྒྱུ་གལ་ཆེ་མཉམ་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཆུ་དང་། རླུང་ཁམས་ཆེ་མོ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི་ལག་ལེན་གཏིང་ཟབ་བྱས་ནས་ཀྲོའུ་(གྲོང་ཁྱེར)ཁག་གི་སྲིད་གཞུང་གནས་ཡུལ་གྱི་མཁའ་རླུང་སྤུས་ཚད་ཆ་སྙོམས་ལེགས་པོ་ཡིན་པའི་ཉིན་གྲངས་98.3%ཟིན་པ་བྱེད་དགོས།
       ཨེ་ཤེ་ཡ་ལྷོ་རྒྱུད་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱུད་ལ་ཕྱོགས་པའི་ཁྱབ་འགྱེད་ལྟེ་གནས་སྐྲུན་པའི་བཀའ་མངགས་བརྟན་པོར་ངེས་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་རང་འགུལ་ངང་ཞུགས་པ་དང་ཞབས་འདེགས་ཞུས་ཏེ་ཡུན་ནན་མཐའ་རྒྱུད་སྒོ་འབྱེའི་མཐོ་ས་གསར་པ་ཧུར་ཐག་སྐྲུན་དགོས།
       སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཁུལ་དུ་གནས་པ་དང་། རང་རྒྱལ་གྱིས་ཨེ་ཤེ་ཡ་ཤར་ལྷོའི་རྒྱུད་དང་ཨེ་ཤེ་ཡ་ལྷོ་རྒྱུད་ལ་འབྲེལ་མཐུད་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་ཞེས་ཁ་གསལ་བསྟན་ཡོད་པ་རེད། ཡུན་ནན་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལེགས་ཆ་ནི་ས་བབ་ཡིན་པ་དང་ཐབས་ལམ་ནི་སྒོ་འབྱེད་བྱ་རྒྱུ་དེ་ཡིན། ང་ཚོས་རང་ངོས་འཕེལ་རྒྱས་གཏོང་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་རང་འགུལ་ངང་ཞུགས་པ་དང་ཞབས་འདེགས་ཞུ་རྒྱུར་བསམ་གཞིག་དང་འཆར་འགོད་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་དམ་པོར་དམིགས་ནས་ཕྱི་ནང་སྤྱི་འདོམས་དང་ཕྱོགས་གཉིས་ནས་སྒོ་འབྱེད་རྒྱུར་བསམ་གཞིག་ཡག་པོ་བྱེད་དགོས། ཕྱི་ཕྱོགས་ནས་ཨེ་ཤེ་ཡ་ལྷོ་རྒྱུད་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱུད་དང་ཧིན་རྡུ་རྒྱ་མཚོ་ཆེན་པོའི་མཐའ་འཁོར་གྱི་དཔལ་འབྱོར་གླིང་ལ་ཕྱོགས་ནས་ཀྲུང་གོ་དང་། ཀྲུང་གོའི་ལྷོ་རྒྱུད་ཕྱི་གླིང་གི་དཔལ་འབྱོར་བར་ཁྱམས་དང་། བྷང་ག་ལ་དང་། ཀྲུང་གོ། རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་དང་དེ་བཞིན་ཀྲུང་གོའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ། རྫ་ཆུ་དང་མེ་ཀུང་གཙང་པོའི་འབབ་རྒྱུད་ཀྱི་མཉམ་ལས་ལམ་སྲོལ་འཛུགས་སྐྲུན་བཅས་ལ་རང་འགུལ་ངང་ཧུར་ཐག་ཞུགས་ཏེ་ས་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་ལྟེ་གནས་དང་། ཚན་རྩལ་གསར་གཏོད་ལྟེ་གནས། དངུལ་རྩའི་ཞབས་ཞུའི་ལྟེ་གནས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལྟེ་གནས་བཅས་འཛུགས་སྐྲུན་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱེད་དགོས།
        རྩ་འཛུགས་ཐོག་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱེད་དགོས་པའི་བཀའ་མངགས་བརྟན་པོར་ངེས་ནས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཡག་པོ་ཁུར་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་དང་ལས་གཏོད་ལས་སྒྲུབ་ཀྱི་སྲིད་ཞུགས་ཁོར་ཡུག་ཅིག་ཧུར་ཐག་གཏོད་དགོས།
       པའེ་ཨན་ཕེ་དང་ཆིའུ་ཧོ་སོགས་རུལ་སུངས་ཚབས་ཆེན་བྱས་པའི་གྱོད་གཞིས་ཡུན་ནན་གྱི་ཆབ་སྲིད་ཁོར་ཡུག་དང་སྲིད་ཞུགས་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལྟར་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ཕྱོགས་གཉིས་ལ་དམ་འཛིན་དང་ཕྱོགས་གཉིས་ཀར་དམ་འཛིན་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་བྱ་རྒྱུ་གནས་བབ་ཨང་དང་པོར་བཞག་སྟེ་ཡུན་ནན་གྱི་དོན་དངོས་ཡོད་དང་ཟུང་འབྲེལ་བྱས་ནས“ནན་གསུམ་དྲང་གསུམ”དང“བློ་དཀར་སེམས་དཀར་དང་། དྭངས་གཙང་། འགན་འཁྲི་ཁུར་ཕོད་པ”བཅས་ཀྱི་ཆེད་དོན་སློབ་གསོ་རྒྱག་པ་དང་། ཏང་ཡོན་ལས་བྱེད་པའི་ཁྲོད་གནས་པའི་ཕུགས་བསམ་དད་སེམས་ཐོག་གི“སོབ་སོབ”དང་། སྤྱོད་གཙང་རང་གཅུན་ཐད་ཀྱི“རུལ་སུངས”ལས་སྒྲུབ་ལས་གཏོད་ཐད་ཀྱི“སྒྱིད་ལུག”བཅས་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱ་རྒྱུ་དེ་རྩ་བཅོས་ཀྱི་བྱེད་ཐབས་སུ་བརྩིས་ནས་སྲུབས་ཀ་འགོག་པ་དང་རྩ་ལག་མཉམ་བཅོས་བྱེད་དགོས། རྩ་འཛུགས་ལ་བརྟེན་ནས་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་རྩ་བ་བརྟན་དུ་གཏོང་བའི་བྱེད་ཐབས་སུ་བརྩིས་ནས་མཐའ་མཚམས་ཀྱི་ཏང་འཛུགས་སྐྱོང་བྱེད་པའི་བར་ཁྱམས་རིང་པོ་གཏོད་པའི་འདུ་འགོད་ལག་ལེན་བསྟར་ནས་གཞི་རིམ་ཏང་འཛུགས་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་གྱི“སྐུལ་འདེད་གཉིས”ཀྱི་བྱ་སྤྱོད་སྤེལ་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། མི་སྣ་སྤྱོད་པའི་སྟོན་ཕྱོགས་དེ་ཁ་ཕྱོགས་སུ་བརྩིས་ནས་ཏང་གི་སྒྲིག་ཡིག་ནང་གཏན་འབེབས་བྱས་པའི་ལས་བྱེད་པའི་ཆ་རྐྱེན་དང་དུས་སྐབས་གསར་པའི་ལས་བྱེད་པ་ཡག་པོ་བྱེད་པའི་ཚད་གཞི་ལག་ལེན་ནན་པོ་བསྟར་ནས་མི་སྣ་སྤྱོད་པའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་དག་བཅོས་བྱེད་པ་དང་མི་འདེམས་པ་དང་མི་སྣ་སྤྱོད་པའི་ཕྱོགས་ལྷུང་ཡོ་བསྲང་བྱས་ནས་དད་སེམས་ཡོད་པ་དང་། བསམ་ཕྱོགས་ཡོད་པ། སེམས་ཤུགས་ཡོད་པ། བྱེད་ཐབས་ཡོད་པ་བཅས་ཀྱི་ཡུན་ནན་གྱི་དཔུང་ཁག་སྟོབས་ཆེན་ཞིག་ནུས་ཤུགས་ཡོད་རྒུས་གཏོད་དགོས།  ཁྲེན་ཧའོ་ཡིས།