མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཁྲིམས་འཛིན་པུས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དངོས་ཚན་ལས་སྟེགས་སྐྲུན་པའི་གཙོ་གནད་
ཤང་གྲོང་དང་སྡེ་ཁུལ་དུ་བཞག་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་16ཉིན། 12:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཁྲིམས་འཛིན་པུས་ཟླ་9ཚེས་14ཉིན་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱིས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལས་སྟེགས་བསྐྲུན་རྒྱུར་སྐུལ་མ་གཏོང་བ་དང་དེ་བཞིན་འབྲེལ་ཡོད་ཀྱི་གཙོ་གནད་ལས་དོན་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད། ཁྲིམས་འཛིན་པུའི་པུའུ་ཀྲང་ཀྲང་ཅུན་གྱིས་2018ལོའི་ལོ་མཇུག་གོང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གྲོང་ཚོར་(གྲོང་ལྷན)བཅའ་ཁྲིམས་བློ་འདྲི་ཁྱོན་ཡོངས་ལ་གཞི་རྩའི་ཆར་ཁྱབ་པ་མངོན་འགྱུར་དང་། 2020ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་། བྱེད་ནུས་ཆ་ཚང་བ། སྟབས་བདེ་ལ་ནུས་པ་ཆེ་བ་བཅས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དྲ་རྒྱའི་མ་ལག་ཅིག་སྤྱིའི་ཆར་ཆགས་པར་བྱས་ཏེ་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ཚད་ལྡན་ཅན་དང་། གནད་སྨིན་ཅན། སྟབས་བདེ་ཅན་བཅས་སུ་གྱུར་པར་བྱས་ནས་མི་དམངས་མང་ཚོགས་ལ་ཀུན་ཕན་རྣམ་པ་དང་། སྤྱི་ཕན་རང་བཞིན། གདམ་ག་ཆོག་པ་བཅས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་འདེགས་ཧུར་ཐག་ཞུ་རྒྱུ་རེད་ཅེས་བརྗོད་པ་རེད།
         ཉེ་བའི་ལོ་ཤས་རིང་། ས་གནས་མི་ཉུང་བ་ཞིག་གིས་ཁྲིམས་འཛིན་སྲིད་འཛིན་གྱི་ད་ཡོད་ཐོན་ཁུངས་དང་སྲིད་དོན་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས་རྫོང་(གྲོང་ཁྱེར་དང་ཆུས)དང་། ཤང་གྲོང(ཁྲོམ་གཞུང) གྲོང་ཚོ་(སྡེ་ཁུལ)བཅས་རིམ་པ་གསུམ་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་ཤུགས་ཆེན་བསྐྲུན་ནས་བཅའ་ཁྲིམས་རོགས་སྐྱོབ་དང་། བཅའ་ཁྲིམས་ཞབས་འདེགས། མི་དམངས་ཀྱི་འདུམ་འགྲིག ཁྲིམས་སྐྱོང་དྲིལ་བསྒྲགས་སོགས་ཁྲིམས་འཛིན་སྲིད་འཛིན་འགན་ནུས་གཅིག་ཏུ་སྡུད་པའི་གཞི་གཅིག་གི“སྐར་ཁུང་རྣམ་པའི”ཞབས་ཞུའི་ལས་སྟེགས་བཏོད་དེ། མང་ཚོགས་ཚོར“གཅིག་འཐུས་རྣམ་པའི”ཕྱོགས་བསྡུས་རང་བཞིན་གྱི་བཅའ་ཁྲིམས་ཞབས་འདེགས་ཞུས་པར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། “སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དགོས་མཁོ་དེ་རིགས་གཙོ་བོ་གཞི་རིམ་གྱི་ཤང་གྲོང་དང་སྡེ་ཁུལ་དུ་གཅིག་སྡུད་བྱས་ཡོད་པས། དངོས་ཚན་ལས་སྟེགས་སྐྲུན་པའི་གཙོ་གནད་དེའང་ཤང་གྲོང་དང་སྡེ་ཁུལ་དུ་འཇོག་དགོས”ཞེས་ཀྲང་ཅུན་གྱིས་བརྗོད་ཅིང་། ཁོང་གིས“དངོས་ཚན་ལས་སྟེགས་སྐྲུན་པར་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་བྱེད་དགོས་ལ། ངེས་པར་དུ་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་ཕན་འབྲས་ཐོན་པར་བྱེད་དགོས། གོ་ཆོད་མི་སྣ་བཀོད་སྒྲིག་གང་ཐུབ་བྱས་ནས་མི་དམངས་ཀྱི་བར་འདུམ་དང་། བཅའ་ཁྲིམས་ཀྱི་རོགས་སྐྱོབ། གཞུང་དཔང་སོགས་ཀྱི་ཞབས་ཞུའི་ནང་དོན་ལ་རྒྱུས་མངའ་ཟབ་པའི་བཅའ་ཁྲིམས་ཞབས་འདེགས་མི་སྣ་ལས་རེས་བྱེད་དུ་བཅུག་སྟེ་གོ་རིམ་ལྡན་པ་དང་ཁྲིད་སྟོན་རང་བཞིན་གྱི་ཞབས་འདེགས་ཡག་པོ་ཞུ་དགོས”ཞེས་བརྗོད་པ་རེད།
         གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། ཁྲིམས་འཛིན་པུས་བཙོན་ཁང་དང་། དུག་གཅོད། སྡེ་ཁུལ་གྱི་ཡོ་བསྲང་། ཁྲིམས་རྩོད་པ། གཞུང་དཔང་། བཅའ་ཁྲིམས་རོགས་སྐྱོབ། མི་དམངས་བར་འདུམ། ཁྲིམས་འཛིན་རྒྱུགས་སྤྲོད། ཁྲིམས་འཛིན་གསལ་འབྱེད། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ། སྲིད་འཛིན་ཞུ་ལན་དང་སྲིད་འཛིན་བསྐྱར་གྲོས་བཅས་ཕྱོགས་11གི་གྱོད་དཔེ་རིགས་42ཚུད་པའི་ཁྲིམས་འཛིན་སྲིད་འཛིན་(བཅའ་ཁྲིམས་ཞབས་ཞུའི)གྱོད་དཔེའི་མཛོད་སྐྲུན་པར་དམ་འཛིན་ཡག་པོ་བྱེད་བཞིན་ཡོད་པས། 2017ལོའི་ལོ་མཇུག་གོང་གྱོད་དཔེ་རྩོམ་སྒྲིག་ཁག་དང་པོ་ལེགས་གྲུབ་བྱ་རྒྱུ་རེད།