མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལྷོ་ཆུ་བྱང་འདྲེན་གྱི་ཆུ་ལམ་དཀྱིལ་མའི་ལས་གྲྭས་རིམ་རྩིས་ལྟར་ན་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་
ཕྱུར་96དྲངས་པས་མི་ཁྲི་5000ལྷག་ཙམ་ལ་ཕན་པ་ཐོབ་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་16ཉིན། 12:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

              མི་དམངས་དྲ་བའི་འཕྲིན། ལྷོ་ཆུ་བྱང་འདྲེན་གྱི་ཆུ་ལམ་དཀྱིལ་མའི་དུས་ཐེངས་དང་པོའི་ལས་གྲྭའི་ཆུ་ཤར་གཏོང་ཐུབ་ནས་ལོ་གཉིས་ལྷག་ཙམ་ཕྱིན་ཡོད་པ་རེད། ཟླ་9ཚེས་14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ལྷོ་ཆུ་བྱང་འདྲེན་གཞུང་དོན་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་9ཚེས་13ཉིན་བར་ལས་གྲྭས་རིམ་རྩིས་ལྟར་ན་ཆུ་ལམ་དཀྱིལ་མའི་ཧྭ་བྱང་ས་ཁུལ་དུ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་96དྲངས་པས་པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧོ་ནན་བཅས་ཞིང་ཆེན་དང་གྲོང་ཁྱེར་4ཡི་མི་ཁྲི་5310ལ་ཕན་པ་ཐོབ་སྟེ་སྤྱི་ཚོགས་དང་། དཔལ་འབྱོར། སྣོད་བཅུད་སོགས་ཕྱོགས་བསྡུས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།
          རྒྱལ་སྲིད་སྤྱི་ཁྱབ་ཁང་ལྷོ་ཆུ་བྱང་འདྲེན་གཞུང་དོན་ཁང་གི་གྲངས་གཞི་ལས་མངོན་པར་གཞིགས་ན། 2014ལོའི་ཟླ་12ཚེས་12ཉིན་ནས་ལྷོ་ཆུ་བྱང་འདྲེན་གྱི་ཆུ་ལམ་དཀྱིལ་མའི་དུས་ཐེངས་དང་པོའི་ལས་གྲྭའི་ཆུ་ཤར་གཏོང་ཐུབ་པ་ནས་བཟུང་། རིམ་རྩིས་ལྟར་ན་པེ་ཅིང་གྲོང་ཁྱེར་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་26བགོས་པས་མི་ཁྲི་1100ལ་ཕན་པ་ཐོབ་པ་དང་། ཐེན་ཅིན་གྲོང་ཁྱེར་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་21བགོས་པས་མི་ཁྲི་900ལ་ཕན་པ་ཐོབ་པ། ཧོ་པེ་ཞིང་ཆེན་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་10བགོས་པས་མི་ཁྲི་1510ལ་ཕན་པ་ཐོབ་པ། ཧོ་ནན་ཞིང་ཆེན་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་33བགོས་པས་མི་ཁྲི་1800ལ་ཕན་པ་ཐོབ་ཡོད་པ་རེད།
         མིག་སྔར“ལྷོ་ཆུས”པེ་ཅིང་གྲོང་ཁྱེར་ནང་དུ་ཆུ་མཁོ་འདོན་བྱེད་ཚད་བཅུ་ཆ་བདུན་ཟིན་ནས་ཆུ་མཁོ་འདོན་ཁྱབ་ཚད་སྤྱིར་ན་པེ་ཅིང་གི་ལྟེ་བའི་གྲོང་ཁུལ་དང་། ཧྥེང་ཐའེ་ཧོ་ཤིས་ས་ཁུལ། ཏ་ཤིང་དང་། མོན་ཐོའུ་རོང་སོགས་ཀྱི་གྲོང་གསར་དང་དེ་བཞིན་ཁྲང་ཕིང་དང་ཐུང་ཀྲོའུ་གི་ས་ཁུལ་ཁག་གཅིག་ལ་ཁྱབ་ཡོད་ཅིང་། གྲོང་ཁྱེར་དེ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཆུའི་ཐོན་ཁུངས་ཀྱི་ཚད་གཞི་དེ་དེ་སྔའི་སྨི་རྒྱ་དཔངས་གྲུ་བཞི་100ནས་ད་ཆའི་སྨི་རྒྱ་དཔངས་གྲུ་བཞི་150བར་མཐོ་རུ་ཕྱིན་ཡོད་པ་རེད།
        པེ་ཅིང་གྲོང་ཁྱེར་ལྷོ་ཆུ་བྱང་འདྲེན་གཞུང་དོན་ཁང་གི་འགན་ཁུར་བས“ལྷོ་ཆུས”པེ་ཅིང་གི་ཐོན་སྐྱེད་དང་འཚོ་བར་དགོས་ངེས་ཀྱི་ཆུ་མཁོ་འདོན་ཐུབ་ཡོད་ལ་གྲོང་ཁྱེར་གྱི་ལྟེ་གནས་གཞན་དག་དང་རྒྱལ་སའི་གནམ་ཐང་གསར་པ་སོགས་རྣམ་གྲངས་གལ་ཆེན་ལའང་ཆུའི་ཐོན་ཁུངས་འགན་ལེན་ཐུབ་ནས་པེ་ཅིང་གི་ཆུའི་ཐོན་ཁུངས་ཀྱི་ཐེག་ནུས་དང་ཆུའི་བདེ་འཇགས་ཀྱི་འཐབ་ཇུས་གསོག་འཇོག་བྱེད་ཤུགས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་ཅེས་བརྗོད་ཡོད་པ་རེད།
         “ལྷོ་ཆུས”ཐེན་ཅིན་ལ་ཡང་ཆུའི་ཐོན་ཁུངས་ཀྱི་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད་ཅིང་། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཐེན་ཅིན་ལྟེ་བའི་གྲོང་ཁུལ་དང་། གྲོང་སྐོར་ཁུལ་བཞི་དང་དེ་བཞིན་པིང་ཧའེ་ཁུལ་གསར་སོགས་སྲིད་འཛིན་ཁུལ་14ཡི་གྲོང་མིས“ལྷོ་ཆུ”བེད་སྤྱོད་ཐུབ་ཡོད་པ་རེད།