མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《གསར་གཏོད་ལ་རྒྱབ་སྐྱོར་བྱེད་པ་དང་འབྲེལ་
བའི་སྒྱུར་བཅོས་བྱ་ཐབས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་16ཉིན། 12:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

             མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《གསར་གཏོད་ལ་རྒྱབ་སྐྱོར་བྱེད་པ་དང་འབྲེལ་བའི་སྒྱུར་བཅོས་བྱ་ཐབས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་པ་རེད།
        《བརྡ་ཐོའི་》ནང་གསར་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱ་རྒྱུར་ཕན་ཐོགས་པའི་ལམ་ལུགས་ཀྱི་ཁོར་ཡུག་དང་དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་བསྐྲུན་ནས་གསར་གཏོད་འཕེལ་རྒྱས་ལ་དེ་བས་སྤུས་ལེགས་ཀྱི་ཞབས་ཞུ་བྱ་ཆེད་རྒྱལ་ཡོངས་སམ་ཡང་ན་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་། ཧྲང་ཧའེ། ཀོང་ཏུང(ཀྲུའུ་ཅང་གཙང་པོའི་ཟུར་གསུམ) ཨན་ཧུའེ(ཧོ་ཝུའུ་པེང) སི་ཁྲོན(ཁྲེང་ཏེ་མན) ཧུའུ་པེ་ཝུའུ་ཧན། ཧྲའན་ཤིས་ཤིས་ཨན། ལེའོ་ཉིང་ཧྲེན་དབྱང་སོགས་ཕྱོགས་ཡོངས་ནས་གསར་གཏོད་ཀྱི་སྒྱུར་བཅོས་ཚོད་ལྟའི་ས་ཁོངས་བརྒྱད་ནང་ཕྱོགས་བཞིའི་ཐད་དང་འབྲེལ་བ་ཡོད་པའི་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་བྱེད་ཐབས་ཁག་13ཁྱབ་གདལ་གཏོང་དགོས་པ་བཏོན་པ་རེད།
        གཅིག་ནི་ཚན་རྩལ་དང་དངུལ་རྩའི་གསར་གཏོད་ཐད“འབྲེལ་ཡོད་ཁེ་ལས་ཀྱིས་ཐོན་ལས་སྦྲེལ་ཐག་གི་ལྟེ་བའི་སྣེ་འདྲེན་ཁེ་ལས་ནས་ཐོབ་པའི་ཐོ་ཁོངས་ནང་བསྡུ་དགོས་པའི་དངུལ་གཏའ་མར་འཇོག་པའི་མ་དངུལ་མཉམ་བསྡུའི་ཞབས་ཞུ”དང“ཁེ་ལས་འབྲིང་ཆུང་ལ་ཕྱོགས་པའི་གཅིག་འཐུས་རྣམ་པའི་མ་འཇོག་དང་མ་དངུལ་མཉམ་བསྡུའི་ཆ་འཕྲིན་ཞབས་ཞུ”“དངུལ་བུན་དང་། འགན་བཅོལ། ནོར་སྲིད་ཀྱི་ཉེན་ཁའི་ཁ་གསབ་དང་འབྲེལ་བ་བྱས་པའི་ཁེ་བེད་བདག་ཐོབ་དབང་ཆ་གཏའ་འཇོག་བྱེད་པའི་མ་དངུལ་མཉམ་བསྡུའི་ཞབས་ཞུ”སོགས་སྒྱུར་བཅོས་བྱེད་ཐབས་ཁག་3ཁྱབ་གདལ་བཏང་ནས་སྲིད་གཞུང་གིས་ཁྲིད་སྟོན་དང་། དམངས་ཁྲོད་ཞུགས་པ། ཁྲོམ་ར་ཅན་གྱི་འཁོར་རྒྱུག་བཅས་ཀྱིས་ཁེ་ལས་ཀྱི་མ་དངུལ་མཉམ་བསྡུར་རྒྱབ་སྐྱོར་བྱེད་པའི་ཞབས་ཞུའི་དཔེ་དབྱིབས་སྔར་བས་གསར་གཏོད་བྱས་ནས་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་མ་དངུལ་མཉམ་བསྡུའི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་དངུལ་རྩས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་བབ་བསྟུན་རང་བཞིན་དང་སྟབས་བདེའི་རང་བཞིན་ཆེ་རུ་བཏང་ཐོག་དངུལ་རྩའི་སྐུལ་འདེད་ནུས་པ་འདོན་སྤེལ་བྱེད་པ་དང་།
        གཉིས་ནི་གསར་གཏོད་དང་ལས་གཏོད་ཀྱི་སྲིད་ཇུས་ཁོར་ཡུག་ཐད་ནས“ཁེ་བེད་བདག་ཐོབ་མགྱོགས་མྱུར་ཞིབ་བཤེར་དང་། ཁེ་དབང་སྲུང་སྐྱོང་། དབང་ཆ་གཏན་འཁེལ་བཅས་ཀྱི་གཅིག་འཐུས་རྣམ་པའི་ཞབས་ཞུ”དང་། “གསར་གཏོད་སྟོན་ཕྱོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་དཔྱད་ཞིབ་དང་སྐུལ་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ”“བྱ་གཞག་ཚན་པས་ལོའི་གླ་ཕོགས་ལམ་ལུགས་དང་། གྲོས་མཐུན་གྱི་གླ་ཕོགས་ལམ་ལུགས། རྣམ་གྲངས་ཀྱི་གླ་ཕོགས་སོགས་བབ་བསྟུན་སྣ་མང་གི་བགོ་བཤའ་རྒྱག་སྟངས་སྤྱད་དེ་དཀོན་པའམ་ཡང་ན་རིམ་མཐོའི་ཤེས་ལྡན་པ་ནང་འདྲེན་བྱེད་པ”“བྱ་གཞག་ཚན་པའི་སྒྲིག་ཁོངས་དེ་ཞིང་ཆེན་ནང་སྤྱི་འདོམས་བཀོལ་སྤྱོད་བྱེད་པ” “རྒྱལ་ཁྲལ་དང་ས་གནས་ཁྲལ་དོན་གྱིས་མཉམ་འབྲེལ་ཐོག་ཁྲལ་དོན་གཉེར་བ”སོགས་སྒྱུར་བཅོས་བྱེད་ཐབས་ཁག་5ཁྱབ་གདལ་བཏང་ནས་འབྲེལ་ཡོད་སྐུལ་གཏོང་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། གསར་གཏོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། གསར་གཏོད་པའི་ལུགས་མཐུན་ཡོང་འབབ་མཐོ་རུ་གཏོང་བ་བཅས་བྱས་ཏེ་གསར་གཏོད་བྱེད་པོའི་ཁུར་པོ་ཡང་དུ་བཏང་ནས་གསར་གཏོད་ལ་སྐུལ་མ་གཏོང་བའི་ཁོར་ཡུག་བཟང་པོ་གཏོད་པ།
       གསུམ་ནི་ཕྱི་རྒྱལ་གྱི་རྒྱལ་ཁོངས་ཀྱི་ཤེས་ལྡན་པ་ནང་འདྲེན་བྱེད་པའི་ཐད“ཕུལ་བྱུང་གི་ཕྱི་རྒྱལ་གྱི་ཕྱི་སྦྱོང་སློབ་མ་ཀྲུང་གོར་ལས་ཞུགས་དང་ལས་གཏོད་ལ་སྐུལ་མ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ་ཆ་རྐྱེན་མཐུན་པའི་ཕྱི་རྒྱལ་གྱི་ཕྱི་སྦྱོང་སློབ་མས་ལས་ཀའི་འཁྲོལ་འཛིན་དང་གནས་སྡོད་འཁྲོལ་འཛིན་ཐད་ཀར་རེ་ཞུ་བྱ་ཆོག་པ”དང་། “ཕྱི་རྒྱལ་གྱི་རྒྱལ་ཁོངས་ཀྱི་རིམ་པ་མཐོ་བའི་ཤེས་ལྡན་པ་ནང་འདྲེན་ཧུར་ཐག་བྱས་ཏེ་ཀྲུང་གོར་ལས་ཀར་ཡོང་བའི་འགྲོ་ལུགས་སྟབས་བདེ་རུ་གཏོང་བ་དང་ལས་ཀ་བྱེད་རིང་སྡོད་པ་ནས་གཏན་སྡོད་བྱེད་པར་འགྱུར་ལྡོག་གཏོང་བའི་བར་གྱི་རེ་ཞུའི་ཐབས་ལམ་གསར་སྣོན་བྱེད་པ”སོགས་སྒྱུར་བཅོས་བྱེད་ཐབས་ཁག་2ཁྱབ་གདལ་བཏང་སྟེ། རྒྱལ་ཁོངས་ཕྱི་རྒྱལ་ཡིན་པའི་མི་སྣ་རང་རྒྱལ་དུ་ལས་ཞུགས་ལས་གཏོད་བྱེད་པའི་སྲིད་ཇུས་ཀྱི་འགལ་རྐྱེན་སྔར་བས་སེལ་བ་དང་རྒྱལ་ཁོངས་ཕྱི་རྒྱལ་གྱི་ཤེས་ལྡན་པ་ཚུར་འགུགས་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་སྟེ་རྒྱལ་ཁོངས་ཕྱི་རྒྱལ་གྱི་ཤེས་ལྡན་པ་རང་རྒྱལ་དུ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་གཏོང་བ།
       བཞི་ནི་དམག་དམངས་མཉམ་འདྲེས་གསར་གཏོད་བྱེད་པའི་ཐད“དམག་དམངས་ཀྱི་རྒྱལ་སྲུང་ཚན་ཞིབ་ཡོ་བྱད་དང་སྒྲིག་ཆས་ཆེ་གྲས་བསྡུ་སྒྲིལ་དང་མཉམ་སྤྱོད་བྱེད་པ”དང་། “རྐང་དབང་སྦྲེལ་ཐག་ཏུ་བྱས་པའི་དམག་དམངས་གཉིས་ཀས་སྤྱོད་པའི་ལག་རྩལ་མནའ་འབྲེལ་གསར་གཏོད་དང་མཉམ་ལས་བྱེད་པ” “དམངས་གཉེར་ཁེ་ལས་ཀྱི་ལེ་ལག་ཚང་བའི་ལྟེ་བའི་དམག་སྤྱོད་ཐོན་རྫས་ཀྱི་ཁས་ལེན་དང་ཆོག་འཐུས་ཚད་གཞི”སོགས་སྒྱུར་བཅོས་བྱེད་ཐབས་ཁག་3ཁྱབ་གདལ་བཏང་ནས། དམག་དམངས་མཉམ་འདྲེས་གསར་གཏོད་ཀྱི་ཕུགས་ཕན་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་དམག་དོན་བཟོ་ལས་ཀྱི་ཚན་ཞིབ་གྲུབ་འབྲས་དམངས་སྤྱོད་ཁྱབ་ཁོངས་སུ་འགྱུར་མགྱོགས་སུ་བཏང་ནས་དམངས་གཉེར་ཁེ་ལས་ཀྱིས་ཁྱབ་ཁོངས་དེ་བས་ཆེ་བར་དམག་སྤྱོད་ཐོན་རྫས་ཞིབ་བཟོ་ཐུབ་པར་བྱས་ཏེ་དམག་དོན་སྒྲིག་ཆས་དང་མི་སྣ་དེ་དག་དམངས་སྤྱོད་ཐོན་སྐྱེད་ཁོངས་སུ་གཞན་སྒྱུར་བྱེད་པ་དང་དམངས་གཉེར་ཁེ་ལས་གོ་མཚོན་སྒྲིག་ཆས་བཟོ་བར་ཞུགས་པའི་ལག་རྩལ་གསར་གཏོད་མ་ལག་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ་དམག་དམངས་ཀྱི་གསར་གཏོད་ཐོན་ཁུངས་བཀོད་སྒྲིག་ཡག་པོ་བྱེད་པར་སྐུལ་འདེད་གཏོང་བ་བཅས་རེད།