མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ལྟ་སྐུལ་བསམ་འཆར་གྱི་གྲོས་འགོ་དོན་འཁྱོལ་བྱས་
ནས་དབུལ་སྒྲོལ་འགག་སྒྲོལ་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་འགྲོ་རྒྱུར་
སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་16ཉིན། 12:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

             མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་དབང་དབྱང་གིས་པེ་ཅིང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་ཚོགས་འདུ་ཐེངས་ཉི་ཤུ་པ་འཚོགས་ཤིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་དགུ་པ་དང་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཉིས་པའི་བསམ་འཆར་དང་གྲོས་འགོ་དོན་འཁྱོལ་ནན་ཏན་བྱེད་པ། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་དང་། མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་ནས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀ་ལེགས་སུ་གཏོང་བ་བཅས་བྱས་ཏེ་རོགས་སྐྱོར་གནད་སྨིན་ཐུབ་ཚད་དང་དངོས་ཕན་རང་བཞིན་སྔར་བས་མཐོ་རུ་གཏོང་བ་དང་། གཞི་རིམ་དབུལ་སྐྱོར་ལས་བྱེད་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་ནས་མང་ཚོགས་དབུལ་པོའི་ཐོབ་སེམས་ཆེ་རུ་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
           དབང་དབྱང་གིས། མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ལྟ་སྐུལ་བསམ་འཆར་དང་གྲོས་འགོ་རིམ་པ་བཞིན་ཞིབ་འཇུག་དང་དཔྱད་གཞིར་འཛིན་ཏེ་རིགས་དབྱེ་ནས་འབྱུང་རྩ་རྩད་གཅོད་བྱེད་པ་དང་། འགག་རྩ་ཁོང་དུ་ཆུད་པ་བྱེད་པ། དག་ཐེར་ལ་སྐུལ་འདེད་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། གནད་དོན་དག་ཐེར་གྱི་ཞིབ་ཕྲའི་ཇུས་གཞི་དུས་ཚོད་དམ་འཛིན་ངང་བཟོས་ནས་ཚན་པའི་ལས་བགོས་ཁ་གསལ་དང་། དུས་ཚོད་རེའུ་མིག་གཏན་འཁེལ་བྱེད་པ། གོང་འོག་མཉམ་འགུལ་བྱེད་པ། དག་ཐེར་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་ལྟ་སྐུལ་གྱི་ཕུན་སུམ་ཚོགས་པའི་ཕན་འབྲས་དེ་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།