མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དབང་དབྱང་གིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་གི་འགག་སྒྲོལ་དམག་འཐབ་
མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས་ཞེས་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་17ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་15ཉིན། རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་ཚོགས་འདུ་ཐེངས་གསུམ་པ་ཀུའེ་ཀྲོའུ་ཙུན་དབྱི་རུ་འཚོགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དབང་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་མི་དམངས་ལྟེ་བར་བྱས་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ་དང་། ཞིང་པ་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་པོ་ཡོང་བའི་རེ་འདུན་ལ་ཨ་ལན་ཏན་ཏིག་སློག་པ། གཙོ་གནད་ཁ་ཕྱོགས་གསལ་བཟོ། མངོན་གསལ་དོད་པའི་གནད་དོན་དམ་བཟུང་། བཅོས་སྒྲིག་བྱ་སྤྱོད་གཏིང་ཟབ་སྤེལ་བ་བཅས་བྱས་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་འཛུགས་སྐྲུན་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         ད་ཕན་ལོ་ཤས་རིང་ཀུའེ་ཀྲོའུ་ཡིས“ཞིང་ཁྱིམ་དུ་ཡོད་པ་བཞི། མཛེས་སྡུག་ལྡན་པའི་གྲོང་གསེབ”ཅེས་པ་འདྲེན་རྟེན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། གྲོང་གསེབ་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བར་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། དབང་དབྱང་གིས་ཀུའེ་ཀྲོའུ་ཡི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་ཀར་ཐོབ་པའི་དགེ་མཚན་ལྡན་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་ཧུར་ཐག་བྱས་ཏེ་གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་གྲོང་ཚོའི་རྣམ་པ་བཅོས་སྒྲིག་ནུས་ལྡན་བྱེད་དགོས། ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་ཀྱིས་ས་ཆ་ཁག་གི་རང་བྱུང་ཁོར་ཡུག་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད། དམངས་སྲོལ་གོམས་གཤིས་བཅས་ནས་འགོ་བཙུགས་ཏེ་བཅོས་སྒྲིག་གི་དམིགས་ཚད་ལས་འགན་དང་འཛུགས་སྐྲུན་གྱི་གོ་རིམ་ལུགས་མཐུན་ངང་གཏན་འཁེལ་བྱེད་དགོས། བཅོས་སྒྲིག་བྱེད་རིང་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་བསྟུན་དགོས་པ་མ་ཟད་གྲོང་གསེབ་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་ཡང་སྣང་ཆེན་བྱེད་དགོས། འཛུགས་སྐྲུན་དང་དོ་དམ་གལ་ཆེ་མཉམ་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་གསེབ་ཀྱི་ཁྱད་ཆོས་དང་མཐུན་པའི་གད་སྙིགས་དང་བཙོག་ཆུ་གཉེར་སྐྱོང་དོ་དམ་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ནས་ཞིང་པ་མང་ཚོགས་འཛུགས་སྐྲུན་དང་དོ་དམ་ཁྲོད་ཞུགས་སུ་བཅུག་སྟེ་བསྐྲུན་ཟིན་པའི་སྒྲིག་བཀོད་ཡུན་རིང་འཁོར་རྒྱུག་བརྟན་པོ་ཐུབ་པའི་འགན་ལེན་བྱེད་དགོས། ཞིང་ཆེན་གྱིས་སྤྱི་འགན་ཁུར་བ་དང་རྫོང་རིམ་པས་དོན་འཁྱོལ་དམ་འཛིན་བྱེད་པའི་བླང་བྱ་གཞིར་བཟུང་ཐབས་ལམ་མང་པོའི་ཐོག་ནས་མ་དངུལ་གྲབས་གསོག་བྱས་ཏེ་སྲིད་ཇུས་བྱེད་ཐབས་ཤུགས་ཆེར་གཏོང་བ་དང་། དཔྱད་ཞིབ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། དཔེ་མཚོན་དང་དཔེ་སྟོན་ཡག་པོ་བྱེད་པ་དང་ཉམས་མྱོང་ཁྱབ་གདལ་ཡག་པོ་གཏོང་བ་བཅས་བྱས་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གི་གྲུབ་འབྲས་ཀྱིས་རྒྱ་ཆེའི་ཞིང་པ་མང་ཚོགས་ལ་དེ་བས་མང་བ་དང་དེ་བས་ཡག་པའི་ཕན་བདེ་བསྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།
          ཚོགས་འདུ་མ་འཚོག་གོང་དབང་དབྱང་གིས་ད་དུང་ཙུན་དབྱི་གྲོང་ཁྱེར་མེ་ཐན་རྫོང་དུ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད།