མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སྐབས་གཉིས་པའི་ཀྲུང་གོའི་སྤུས་ཚད་(ཧྲང་ཧའེ)ཚོགས་ཆེན་ལ་རྟེན་འབྲེལ་
འཕྲིན་ཡིག་སྤྲིངས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་17ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་15ཉིན། སྐབས་གཉིས་པའི་ཀྲུང་གོའི་སྤུས་ཚད་(ཧྲང་ཧའེ)ཚོགས་ཆེན་ཧྲང་ཧའེ་རུ་འགོ་ཚུགས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ་ཚོགས་འདུ་འཚོག་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་སྤུས་ཚད་ཚོགས་ཆེན་འཚོག་དོན་ནི་རྒྱལ་སྤྱིའི་སྤུས་ཚད་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་རེད། སྤུས་ཚད་ཀྱིས་མིའི་རིགས་ཀྱི་ངལ་རྩོལ་གསར་གཏོད་དང་བློ་གྲོས་ཀྱི་ཉིང་བཅུད་མཚོན་གྱི་ཡོད་ལ་མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་ཡང་མཚོན་གྱི་ཡོད། ཀྲུང་ཧྭ་མི་རིགས་ཀྱིས་སྔར་ནས་བཟུང་སྤུས་ཚད་ལ་མཐོང་ཆེན་བྱེད་ཀྱི་ཡོད། ལོ་ངོ་ཁྲི་སྟོང་མང་པོའི་གོང་མཛེས་སྡུག་ལྡན་པའི་དར་གོས་དང་སྤུས་ཀ་དག་པའི་དཀར་ཆས་སོགས་ཀྲུང་གོའི་སྤུས་ལེགས་ཀྱི་ཐོན་རྫས་འཛམ་གླིང་ཐོག་བསྐྱོད་ནས་ཤེས་དཔལ་སྤེལ་རེས་ཐད་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་མ་ཐེབས་ཡོད། ད་ཆ་ཀྲུང་གོས་སྤུས་ཚད་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་འཛམ་གླིང་ལ་སྤུས་ཀ་སྔར་བས་ལེགས་པའི་ཀྲུང་གོའི་ཐོན་རྫས་དང་ཀྲུང་གོའི་ཞབས་ཞུ་མཁོ་འདོན་ཧུར་ཐག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
       ཞི་ཅིན་ཕིང་གིས་རྒྱལ་ཁབ་ཁག་གི་ཚོགས་ཞུགས་འཐུས་མིས་རྒྱལ་སྤྱིའི་སྤུས་ཚད་ཀྱི་འཕེལ་རིམ་ལ་ཐུན་མོང་ཐོག་དབྱེ་ཞིབ་བྱས་ནས་ཕྱོགས་ཡོངས་ཀྱི་སྤུས་ཚད་དོ་དམ་ཉམས་མྱོང་སྤེལ་རེས་དང་། སྤུས་ཚད་ཀྱི་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་རུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་རེ་སྨོན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།