མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལིའུ་ཡུན་ཧྲན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས་
དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་
འཚོག་རྒྱུར་དྲ་རྒྱའི་ཁོར་ཡུག་བཟང་པོ་སྐྲུན་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་18ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་16ཉིན། 2017ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོ་ཧྲང་ཧའེ་ནུབ་འདབས་ཚོགས་འདུའི་ལྟེ་གནས་སུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ལིའུ་ཡུན་ཧྲན་གྱིས་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གནང་བ་དང་འབྲེལ་དྲ་རྒྱའི་བདེ་འཇགས་ཀྱི་དངོས་དམངས་སྟོན་ཚོགས་དང་དྲ་རྒྱའི་བདེ་འཇགས་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ་དྲ་རྒྱའི་བདེ་འཇགས་དང་དྲ་རྒྱའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་དང་ཁེ་ཕན་འགན་ལེན་བྱ་རྒྱུ་དེ་དྲ་རྒྱའི་བདེ་འཇགས་ལས་དོན་གྱི་རྩ་བའི་འགོ་ཚུགས་སར་བརྩིས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་དྲ་རྒྱའི་ཁོར་ཡུག་བཟང་པོ་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།
        ལིའུ་ཡུན་ཧྲན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནད་ལ་འཁེལ་བའི་སྒོ་ནས་དུས་རབས་ཀྱི་རླབས་རྒྱུན་སྟངས་འཛིན་གནང་བ་དང་འབྲེལ་རང་རྒྱལ་གྱི་དྲ་སྦྲེལ་འཕེལ་རྒྱས་དང་བཅོས་སྒྲིག་ལག་ལེན་ལ་གཞིགས་པ་དང་། གང་ཞིག་ནི་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་ཡིན་པ་དང་། ཇི་ལྟར་བྱས་ཏེ་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུར་དམིགས་ནས་དགོངས་པ་གསར་པ་དང་། ལྟ་བ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་ཏེ་རང་རྒྱལ་གྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ་རྒྱུར་མཛུབ་ཁྲིད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས་དགོངས་པར་བརྟེན་ནས་དྲ་རྒྱའི་བདེ་འཇགས་ལག་ལེན་ལ་མཛུབ་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དྲ་རྒྱའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་ནས་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་རང་རྟོགས་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།
        ལིའུ་ཡུན་ཧྲན་གྱིས་དྲ་རྒྱའི་བདེ་འཇགས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་དྲ་རྒྱའི་བདེ་འཇགས་མི་དམངས་ལ་བརྟེན་དགོས། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་དམངས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་སློབ་གསོ་དང་རྩལ་ནུས་གསོ་སྦྱོང་དམ་འཛིན་ཡག་པོ་བྱེད་པ་དང་དྲ་རྒྱའི་བདེ་འཇགས་ཀྱི་དྲིལ་བསྒྲགས་གཟའ་འཁོར་གྱི་སྟེགས་བུ་ཡག་པོ་སྤྱད་ནས་དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། ཁྱབ་རྒྱ་ཆེ་རུ་གཏོང་བ་དང་ཤུགས་རྐྱེན་ནུས་པ་ཆེ་རུ་བཏང་ནས་དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཐུབ་པ་བྱེད་དགོས་པ་དང་། དྲ་རྒྱའི་བར་མཐོངས་ཀྱི་ཁྲིམས་སྐྱོང་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱེད་པ་དང་ཁྲིམས་ལྟར་དྲ་རྒྱར་དོ་དམ་དང་དྲ་རྒྱ་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས། དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ། ན་སོ་དར་ལ་མ་བབས་པའི་མི་དྲ་ཞུགས་བྱེད་པའི་ཐད་སྲུང་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དྲ་རྒྱའི་བར་མཐོངས་ནང་གི་རྒྱ་ཆེའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱེད་དགོས་པ། དྲ་རྒྱའི་བདེ་འཇགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྒྱུར་བཅོས་གཏིང་ཟབ་དང་། སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་དྲ་རྒྱའི་བདེ་འཇགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ལག་རྩལ་གསར་གཏོད། ཐོན་ལས་འཕེལ་རྒྱས་བཅས་འཁོར་རྒྱུག་བཟང་ལ་གསོན་ཉམས་ལྡན་པའི་ཁོར་ཡུག་རྣམ་པ་ཆགས་པ་བྱེད་དགོས་ཞེས་གསུངས་པ་རེད།
        ལིའུ་ཡུན་ཧྲན་གྱིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དྲ་རྒྱའི་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས་ས་ཁུལ་དེ་རང་དང་སྡེ་ཚན་དེ་རང་གི་དྲ་རྒྱའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། འབྲེལ་ཡོད་ཕྱོགས་ཁག་གིས་རང་འགན་གཙང་སྒྲུབ་དང་ལེགས་ཆ་འདོན་སྤེལ་བྱས་ནས་དྲ་རྒྱའི་བདེ་འཇགས་ལས་དོན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་པ། དྲ་སྦྲེལ་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་དང་ཀུན་སྤྱོད་ཀྱི་འགན་འཁྲིར་ཤུགས་སྣོན་བརྒྱབ་ནས་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ནང་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པ། རྒྱ་ཆེའི་དྲ་དམངས་ཀྱིས་ཁྲིམས་ལྟར་དྲ་ཞུགས་དང་ཤེས་དཔལ་ངང་དྲ་ཞུགས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་བྱེད་མཁན་གྱི་ལག་ལེན་པ་ཡག་པོ་ཞིག་བྱེད་དགོས་པ། དྲ་རྒྱའི་ནང་དོན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྐྱོན་བྲལ་གྱི་དྲ་རྒྱའི་རིག་གནས་སྐྱེད་སྲིང་དང་དྲ་ཐོག་གི་དྲང་ནུས་འཕེལ་རྒྱས་སྟོབས་ཆེར་བཏང་སྟེ་དྲ་རྒྱའི་བར་མཐོངས་སྔར་བས་དྭངས་གཙང་ཡོང་བ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཧན་ཀྲེང་འབྲེལ་ཡོད་ཀྱི་བྱེད་སྒོར་ཞུགས་པ་རེད།
       འདི་ལོའི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བརྗོད་དོན་གཙོ་བོ་ནི“དྲ་རྒྱའི་བདེ་འཇགས་མི་དམངས་ཀྱི་ཆེད་དུ་དང་དྲ་རྒྱའི་བདེ་འཇགས་མི་དམངས་ལ་བརྟེན་དགོས”ཞེས་པ་དེ་ཡིན་པ་དང་། དྲ་རྒྱའི་བདེ་འཇགས་ཀྱི་དངོས་མང་སྟོན་ཚོགས་དང་དྲ་རྒྱའི་བདེ་འཇགས་ཀྱི་གྲུབ་འབྲས་འགྲེམས་སྟོན་དང་། དྲ་རྒྱའི་བདེ་འཇགས་ལག་རྩལ་གྱི་མཐོ་རིམ་གླེང་སྟེགས། དྲ་རྒྱའི་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོའི་ཉིན་མོའི་བྱེད་སྒོ་བཅས་སྤེལ་རྒྱུ་ཡིན་པ་རེད།