མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་གནད་སྨིན་གནས་སྤོས་དང་། བདེ་འཇགས་གནས་སྤོས། ཡོངས་བསྒྲགས་གནས་
སྤོས་བཅས་ཡོང་བ་བྱས་ནས་དུད་ཚང་གཅིག་གནས་སྤོས་བྱས་ཚེ་དུད་ཚང་དེ་དབུལ་
སྒྲོལ་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་19ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་16དང་17ཉིན་རྒྱལ་ཡོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ས་གནས་ས་ཐོག་གི་ཚོགས་འདུ་སི་ཁྲོན་ཞིང་ཆེན་ཏ་ཀྲོའུ་གྲོང་ཁྱེར་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཞིང་། མཆན་བཀོད་མཛུབ་སྟོན་ནང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པ་ནི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ས་ཁུལ་དབུལ་པོའི་འཕེལ་རྒྱས་ཀྱི་ཞན་ཆ་གསབ་པ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་བཅས་ཀྱི་དམ་འཛིན་བྱེད་གཞི་གལ་ཆེན་ཞིག་རེད། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། འཆར་འགོད་འཛུགས་སྐྲུན་དང་། གནས་སྤོས་བཀོད་སྒྲིག ལས་ཞུགས་བཀོད་སྒྲིག རྗེས་མཐུད་འཕེལ་རྒྱས་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་པས་གནས་སྤོས་འཛུགས་སྐྲུན་ལས་འགན་ཕྱེད་ཀ་ཡན་ལེགས་གྲུབ་ཟིན་ནས་གྲུབ་འབྲས་ལ་ཁས་ལེན་བྱེད་འོས་པ་ཞིག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ་ལས་འགན་སྒྲུབ་སེམས་དང་། འགན་འཁྲིའི་བསམ་པ། ཁ་ཚ་དགོས་གཏུགས་ཀྱི་བསམ་པ་བཅས་སྔར་བས་ཆེ་རུ་གཏོང་བ་དང་། གཞི་རིམ་ལས་བྱེད་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱེད་པ། གནས་སྤོས་ཀྱི་གཞི་ཁྱོན་དང་མྱུར་ཚད་བཀོད་སྒྲིག་ལུགས་མཐུན་བྱེད་པ། ལས་གྲྭའི་སྤུས་ཚད་ལ་དམ་འཛིན་ནན་པོ་བྱེད་པ། མ་དངུལ་དང་རྣམ་གྲངས་དོ་དམ་བྱེད་རྒྱུ་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ་གནད་སྨིན་གནས་སྤོས་དང་། བདེ་འཇགས་གནས་སྤོས། ཡོངས་བསྒྲགས་གནས་སྤོས་བཅས་ཡོང་བ་བྱེད་དགོས། ནང་གནས་སྒུལ་ཤུགས་སྐྱེད་སྲིང་བྱེད་རྒྱུར་དམིགས་པ་དང་ས་གནས་ཁག་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གནས་སྤོས་མང་ཚོགས་ཀྱི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་འབབ་འཕར་གྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས་དུད་ཚང་གཅིག་གནས་སྤོས་ཐུབ་ཚེ་དུད་ཚང་དེ་དབུལ་སྒྲོལ་བརྟན་པོ་ཡོང་བའི་འགན་ལེན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་ཡོད་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་དབང་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དོན་འཁྱོལ་བྱས་ནས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། གནས་སྤོས་སྲིད་ཇུས་ལག་བསྟར་ནན་པོ་བྱེད་པ། རྗེས་མཐུད་ཀྱི་རོགས་སྐྱོར་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱེད་པ་བཅས་བྱས་ཏེ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་ཀའི་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
      དབང་དབྱང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་དོན་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་བར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པའི་ལས་དོན་དཀའ་གནད་ཆེ་བའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས་ངེས་པར་དུ་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ཐག་གཅོད་ནན་ཏན་བྱས་ཏེ་མཇུག་རྐྱེན་ངན་པ་ཐོན་རྒྱུ་སྔོན་འགོག་བྱེད་དགོས། གནས་སྤོས་བྱེད་འདོད་ཡོད་པ་དང་ཆ་རྐྱེན་དང་འཚམས་པའི་དུད་ཚང་དབུལ་པོ་ཚང་མ་གནས་སྤོའི་ཁྱབ་ཁོངས་ནང་བཅུག་ནས་མི་དང་དུད་ཚང་ལ་གཞིགས་ཏེ་ཐོན་ལས་དང་། ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་ཀྱི་རྗེས་མཐུད་རོགས་སྐྱོར་བྱ་ཐབས་དོན་འཁྱོལ་བྱས་ནས་གནད་སྨིན་གནས་སྤོས་དང་དབུལ་སྒྲོལ་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།