མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་22ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ལས་ཞུགས་རྒྱ་ཆེར་གཏོང་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ལ་ངལ་རྩོལ་བྱེད་སའི་ལས་གནས་དང་ཡོང་འབབ་འབབ་ཁུངས་ཡོད་པའི་དགོས་མཁོ་སྔར་བས་ཡག་པོ་སྐོང་བ་དང་། ས་ཁོངས་ལས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཕྱོགས་བསྡུས་ཚོད་ལྟ་ཁུལ་བསྐྲུན་རྒྱུར་སྐུལ་མ་གཏིང་ཟབ་གཏོང་བའི་བྱ་ཐབས་གཏན་འཁེལ་བྱས་ཏེ་ལས་རིགས་གསར་གཏོད་བྱ་རྒྱུ་མགྱོགས་སུ་བཏང་ནས་ཕྱི་ཕྱོགས་ཚོང་དོན་ལ་སྟབས་བདེ་ཡོང་བ་དང་དེའི་འགྲན་ནུས་ཆེ་རུ་གཏོང་རྒྱུའི་བཀོད་སྒྲིག་གནང་བ་རེད།
          ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་ཞུགས་ལ་སྐུལ་མ་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་པ་དང་ཉེ་བའི་ལོ་ཤས་རིང་དཔལ་འབྱོར་ཆག་པའི་གནོན་ཤུགས་དང་ལས་ཞུགས་ཀྱི་གནོན་ཤུགས་ཆེ་རུ་འགྲོ་བའི་འགྲན་སློང་ལ་ཕྱོགས་ནས་ལས་ཞུགས་སྔོན་འཇོག་འཐབ་ཇུས་དང་དེ་བས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་གཏིང་ཟབ་དང་། སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ། འགུལ་ནུས་གསར་རྙིང་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་པར་བརྟེན་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་གསར་འཕར་དེ་ལོ་ལྟར་མི་གྲངས་ཁྲི་1300ཡན་རྒྱུན་འཁྱོངས་ཐུབ་ནས་འདི་ལོ་ཟླ་དང་པོ་ནས་བརྒྱད་པ་བར་ལས་ཞུགས་མི་གྲངས་ཁྲི་སྟོང་ལ་ཉེ་བ་གསར་འཕར་བྱུང་སྟེ་བཀྲག་མདངས་འཚེར་ས་མངོན་གསལ་དོད་པོ་ཞིག་ཏུ་གྱུར་ཡོད། མིག་སྔར་རང་རྒྱལ་འདི་ཉིད་སྔར་བཞིན་ལས་ཞུགས་ཀྱི་དགོས་མཁོ་ཆེ་བའི་དུས་དང་འདོན་སྤྲོད་དང་དགོས་མཁོའི་གྲུབ་ཆའི་རང་བཞིན་གྱི་འགལ་བ་མངོན་གསལ་དོད་པོ་གནས་པས་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར་དང་ལས་ཞུགས་ལ་སྐུལ་མ་གཏོང་བའི་ལས་དོན་སྒྲུབ་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས་པ་སྟེ། གཅིག་ནས་ལས་གཏོད་གསར་གཏོད་དང་འགུལ་ནུས་གསར་པས་ལས་ཞུགས་ལ་སྣེ་ཁྲིད་བྱེད་པའི་ནུས་པ་སྔར་བས་ཆེ་རུ་གཏོང་དགོས་ཤིང་། ཁྲོམ་ར་ཅན་དང་ཆེད་ལས་ཅན་གྱི་དམངས་སྐྲུན་བྱ་ཡུལ་དང་གཉིས་གཏོད་དཔེ་སྟོན་རྟེན་གཞི་སོགས་ལས་གཏོད་གཞི་རྟེན་གོང་འཕེལ་ཧུར་ཐག་བཏང་ནས་ལས་གཏོད་མཛུབ་ཁྲིད་དང་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་། ཧེ་བག་ཅན་གྱི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཚན་ཞིབ་མི་སྣ་སོགས་རིམ་པ་མཐོ་བའི་ཤེས་ལྡན་པའི་ལས་གཏོད་གསར་གཏོད་དང་སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤོར་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། གཉིས་ནས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་འགན་ལེན་བྱེད་དགོས་ཤིང་། མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་སྐུལ་སྤེལ་འཆར་གཞི་དང་གཞི་རིམ་གྱི་འཚར་ལོངས་འཆར་གཞི་ལག་ལེན་གཏིང་ཟབ་བསྟར་ནས་སློབ་གྲྭ་ནས་ཁ་བྲལ་ཟིན་ཡང་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མར་གནད་སྨིན་རོགས་སྐྱོར་བྱས་ཏེ་དམིགས་བསལ་དཀའ་ངལ་ཡོད་པའི་སློབ་ཐོན་སློབ་མར་ལས་ཞུགས་ཐད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། གསུམ་ནས་ལས་རིགས་སློབ་གསོའི་ཆེད་ལས་བཀོད་སྒྲིག་དང་སློབ་ཚན་གྱི་ནང་དོན་སོགས་ཐོན་ལས་རིམ་སྤོར་དང་སྤྱི་ཚོགས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་ཡོང་བར་སྐུལ་འདེད་བཏང་ནས་ལག་རྩལ་སློབ་གསོ་གོང་འཕེལ་ཤུགས་ཆེན་གཏོང་བ་དང་། ལས་རིགས་ཁེ་ལས་ཀྱིས་ལག་རྩལ་སློབ་གྲྭ་གཉེར་བར་རྒྱབ་སྐྱོར་བྱེད་པ། ངལ་རྩོལ་པའི་ཚེ་གང་ལས་རིགས་རྩལ་ནུས་ཀྱི་གསོ་སྦྱོང་ལམ་ལུགས་འཛུགས་པ་བཅས་བྱས་ནས་ལས་ཞུགས་ཀྱི་གྲུབ་ཆའི་རང་བཞིན་གྱི་འགལ་བ་ཞི་ལྷོད་དུ་གཏོང་ཆེད་ཆ་རྐྱེན་བསྐྲུན་དགོས་པ། བཞི་ནས་ལས་ཞུགས་ཀྱི་རྣམ་པ་གསར་པ་དང་འཚམ་པའི་ངལ་རྩོལ་མི་སྤྱོད་དང་སྤྱི་ཚོགས་འགན་ལེན་སོགས་ཀྱི་སྲིད་ཇུས་མགྱོགས་པོ་འཐུས་སྒོ་ཚང་དུ་བཏང་ནས་དྲ་ཐོག་གི་སྤྱི་ཚོགས་འགན་བཅོལ་ལ་སྐུལ་འདེད་བཏང་སྟེ་ཡུལ་གཞན་དུ་འགན་བཅོལ་ལ་ཞུགས་པ་དང་སྤོ་སྒྱུར་རྒྱུན་མཐུད་སྟབས་བདེ་ཡོང་བར་སྐུལ་འདེད་གཏོང་དགོས། “དྲ་སྦྲེལ་དང་སྤྱི་པའི་ལས་ཞུགས་ལས་གཏོད་ཞབས་ཞུ་ཟུང་དུ་སྦྲེལ་རྒྱུ་ཁྱབ་གདལ་གཏོང་དགོས། ལྔ་ནས་མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རའི་ལྟ་སྡོམ་བྱ་ཤུགས་ཆེ་རུ་གཏོང་བ་དང་ལས་ཞུགས་ཐད་མཐོང་ཆུང་བྱེད་པའི་སྣང་ཚུལ་ངན་པ་སེལ་ཏེ་ལས་ཞུགས་གདན་ཞུར་ཁ་གཡར་ནས་ལས་ཀ་འཚོལ་མཁན་གྱི་ཁེ་དབང་ལ་གནོད་འཚེ་གཏོང་བ་དང་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་སོགས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ནས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ་བསྟན་ཡོད་པ་རེད།
          ཚོགས་འདུའི་ཐོག་ས་ཁོངས་ལས་སྒྲོལ་བའི་དྲ་ཐོག་ཚོང་དོན་གོང་འཕེལ་གཏོང་རྒྱུ་ཁ་ཤོ་བརྟོལ་སར་བྱས་ནས་རྒྱལ་སྤྱིའི་ཚོང་དོན་རང་མོས་ཅན་དང་། སྟབས་བདེ་ཅན། ལས་རིགས་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་རྒྱུ་དེས་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་གཏོང་སྟངས་བསྒྱུར་མགྱོགས་སུ་གཏོང་བ་དང་ཕྱོགས་བསྡུས་འགྲན་ཤུགས་ཆེ་རུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་ཁོངས་ལས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ་འཛུགས་རྒྱུར་ཆོག་མཆན་སྤྲད་དེ་ལོ་གཉིས་ལྷག་ཙམ་སོང་རིང་འབྲེལ་ཡོད་ས་ཁུལ་གྱིས་ལག་རྩལ་གྱི་ཚད་གཞི་དང་། ལས་སྒོའི་གོ་རིམ། ལྟ་སྡོམ་བྱ་ཐབས་སོགས་ཐད་སྔོན་དུ་ཚོད་ལྟ་བྱས་ཏེ་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ་རབ་དང་རིམ་པ་གྲུབ་ནས་ཕྱོགས་བསྡུས་ཚོད་ལྟ་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་མགྱོགས་མྱུར་ཆེ་རུ་ཕྱིན་ཡོད་ཅེས་བསྟན་ཡོད་པ་རེད།