མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཤར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་བཞིས་ལོ་ལྟར་ཡུན་ནན་ནུབ་རྒྱུད་ཀྱི་སློབ་མ་དབུལ་པོ་
6000ལས་མི་ཉུང་བ་མཐའ་སྐྱོང་གིས་བསྡུ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་22ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། སློབ་གསོ་པུའུ་ཡིས་《ལས་རིགས་སློབ་གསོའི་ཤར་ནུབ་མཉམ་སྒྲུབ་བྱ་སྤྱོད་འཆར་གཞི་ཡུན་ནན་ནུབ་རྒྱུད་ཀྱི་ལག་བསྟར་ཇུས་གཞི་(2017ནས་2020ལོའི་བར)》པར་འགྲེམས་བྱས་པའི་ནང་ཧྲང་ཧའེ་དང་། ཐེན་ཅིན། ཅང་སུའུ། ཀྲེ་ཅང་སོགས་ཤར་རྒྱུད་ཀྱི་ཞིང་ཆེན་(གྲོང་ཁྱེར)4དང་ཤར་རྒྱུད་ཀྱི་ལས་རིགས་སློབ་གསོའི་ཚོགས་པ་10ཡིས་ཡུན་ནན་ནུབ་རྒྱུད་ཀྱི་ཀྲོའུ་དང་གྲོང་ཁྱེར་10ཡི་ལས་རིགས་སློབ་གསོ་འཕེལ་རྒྱས་འགྲོ་རྒྱུར་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་སྟེགས་གཏོད་དགོས་ལུགས་བཏོན་ཡོད། ཇུས་གཞིའི་ནང་ཤར་རྒྱུད་ཀྱི་ཞིང་ཆེན་(གྲོང་ཁྱེར)བཞིས་ཆ་རྐྱེན་དང་མཐུན་པའི་འབྲིང་རིམ་ལས་རིགས་སློབ་གྲྭ་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་ཁ་གཏད་དང་མཐའ་སྐྱོང་གི་རྣམ་པའི་ཐོག་ནས་ཡུན་ནན་ནུབ་རྒྱུད་ཀྱི་ཀྲོའུ་དང་གྲོང་ཁྱེར་10ཡི་ཡིག་ཚགས་དང་གཱ་བཟོས་པའི་སློབ་མ་དབུལ་པོ་སྤུས་ལེགས་ཀྱི་འབྲིང་རིམ་ལས་རིགས་སློབ་གསོ་དང་ལེན་བྱ་རྒྱུར་བསྡུ་དགོས་པ་དང་ལོ་ལྟར་ཁྱོན་བསྡོམས་སློབ་མ་6000ལས་མི་ཉུང་བ་བསྡུ་དགོས་པའི་བླང་བྱ་བཏོན་ཡོད།
         ཇུས་གཞིའི་ནང་ཤར་རྒྱུད་ཀྱི་ཞིང་ཆེན་(གྲོང་ཁྱེར)བཞིས་རང་སོ་སོའི་སྤུས་ལེགས་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭ་སྤྱི་འདོམས་བཀོད་སྒྲིག་བྱས་ནས་ཡུན་ནན་ནུབ་རྒྱུད་ཀྱི་ཀྲོའུ་དང་གྲོང་ཁྱེར་10ཡི་སློབ་གྲྭར་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་མ་3000བཀོད་སྒྲིག་བྱེད་པ་དང་། “2+1”དུས་དབྱེའི་གསོ་སྦྱོང་བྱེད་སྟངས་སྤྱད་ནས་སློབ་ཁྲིད་བྱེད་པ། སློབ་གྲྭ་ཐོན་རྗེས་སློབ་མའི་འདོད་མོས་གཞིར་བཟུང་ཤར་རྒྱུད་ཀྱི་ཞིང་ཆེན་(གྲོང་ཁྱེར)བཞིར་སྔོན་ལ་ལས་ཞུགས་བཀོད་སྒྲིག་བཅས་བྱེད་དགོས། དེ་དང་ཆབས་ཅིག་ཤར་རྒྱུད་ཀྱི་ཞིང་ཆེན་(གྲོང་ཁྱེར)བཞིས་ཞིང་ཆེན་(གྲོང་ཁྱེར)ནང་ཁུལ་གྱི་སྤུས་ལེགས་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭ་སྤྱི་འདོམས་བཀོད་སྒྲིག་བྱེད་པ་དང་། ཡུན་ནན་ནུབ་རྒྱུད་ཀྱི་ཀྲོའུ་དང་གྲོང་ཁྱེར་10ཡི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་རིམ་འཕར་མེད་པའི་ལོ་འདི་ག་དང་དེ་སྔའི་དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་3000ལས་མི་ཉུང་བ་བསྡུ་བ། དེང་རབས་ཀྱི་དགེ་ཕྲུག་ལམ་ལུགས་དང་མངགས་ཐོ་རྣམ་པ་སོགས་བྱེད་སྟངས་བརྒྱུད་སློབ་གྲྭ་དང་ཁེ་ལས་ཟུང་འབྲེལ་གྱིས་གསོ་སྦྱོང་བྱས་ནས་སློབ་གྲྭར་འཛུལ་མ་ཐག་ཁེ་ལས་སུ་འཛུལ་བ་དང་སློབ་གྲྭ་ཐོན་མ་ཐག་ལས་ཞུགས་ཐུབ་པ་བྱེད་དགོས། ཤར་རྒྱུད་ཀྱི་ཞིང་ཆེན་(གྲོང་ཁྱེར)བཞིར་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་གསོ་དང་ལེན་བྱེད་མཁན་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་མར་སློབ་ཡོན་རྩ་ཆག་གཏོང་རྒྱུ་དང་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་དང་དེ་བཞིན་ཡུལ་དེའི་སློབ་མ་དང་འདྲ་བའི་བྱ་དགའ་(ཁ་གསབ)སྲིད་ཇུས་ལོངས་སུ་སྤྱོད་དུ་འཇུག་དགོས་ལུགས་བཏོན་ཡོད།
          ཇུས་གཞིའི་ནང་ཤར་རྒྱུད་ཀྱི་ཞིང་ཆེན་(གྲོང་ཁྱེར)བཞིས་ལོ་ལྟར་དངོས་སྦྱོང་དང་ལས་ཞུགས་ལས་གནས་1000སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་ཡུན་ནན་ནུབ་རྒྱུད་ཀྱི་ཀྲོའུ་དང་གྲོང་ཁྱེར་10ཡི་ཡིག་ཚགས་དང་གཱ་བཟོས་ནས་ལས་རིགས་སློབ་གསོ་དང་ལེན་བྱེད་པའི་ཁྱིམ་ཚང་སྐྱོ་པོའི་སློབ་མ་ཤར་རྒྱུད་ཁེ་ལས་སུ་ལས་ཞུགས་དང་དངོས་སྦྱོང་དང་། ལས་རིགས་གསོ་སྦྱོང་ནང་ཞུགས་པའམ་ཡང་ན་ཐད་ཀར་ལས་ཞུགས་བྱ་རྒྱུ་གཙོ་གནད་ཐོག་ཡིད་དབང་འགུགས་དགོས། ཡུན་ནན་ནུབ་རྒྱུད་ཀྱི་ཀྲོའུ་དང་གྲོང་ཁྱེར་10ཡི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་མ་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ནང་ཞུགས་རུང་ཡུན་ནན་ཞིང་ཆེན་གྱི་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་ལོན་མེད་པ་དང་ཤར་རྒྱུད་ཞིང་ཆེན་(གྲོང་ཁྱེར)བཞིའི་འདོད་མོས་ཡོད་པའི་མཐོ་རིམ་ལས་རིགས་སློབ་གྲྭས་འོས་འཚམ་ངང་སྐར་མ་བཅག་ནས་སློབ་བསྡུ་བྱེད་དགོས་ཁར། སློབ་ཡོན་དང་འཚོ་བའི་གྲོན་དངུལ་ཐད་འོས་འཚམ་ངང་ཁ་གསབ་སྤྲོད་དགོས། ཡུན་ནན་ནུབ་རྒྱུད་ཀྱི་ཀྲོའུ་དང་གྲོང་ཁྱེར་10ཡིས་རང་སོ་སོའི་དོན་དངོས་ལ་གཞི་ཚུགས་ནས་ས་གནས་ནོར་སྲིད་ཁྲོད་འགྲོ་གྲོན་ངེས་ཅན་བཏང་སྟེ་འཚོ་བ་དང་འགྲིམ་འགྲུལ་ཁ་གསབ་བྱེད་དགོས་ཞེས་བཏོན་ཡོད།