མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྲིད་གཞུང་གིས་ཞབས་འདེགས་ལས་གནས་ཉོས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་དེ་
བས་ལེགས་པའི་ཞབས་འདེགས་ཞུ་དགོས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་29ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཉེ་དུས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་ཐོབ་པ་བརྒྱུད། དམངས་སྲིད་པུའུ་དང་། ཀྲུང་དབྱང་སྒྲིག་ཁུངས་གཞུང་ལས་ཁང་། ནོར་སྲིད་པུའུ། མི་སྤྱི་པུའུ་བཅས་ཀྱིས་《སྲིད་གཞུང་གིས་ཞབས་འདེགས་ལས་གནས་ཉོས་ནས་གཞི་རིམ་གྱི་སྤྱི་ཚོགས་རོགས་སྐྱོབ་ཀྱི་སྒྲུབ་གཉེར་ཞབས་འདེགས་འཇོན་ཐང་ཆེ་རུ་གཏོང་བ་ཁྱབ་གདལ་ཧུར་ཐག་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》མཉམ་འབྲེལ་ཐོག་པར་འགྲེམས་བྱས་ཤིང་། 《བསམ་འཆར་》ནང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་སྲིད་གཞུང་གིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་སྤྱི་ཚོགས་ཀྱི་རོགས་སྐྱོབ་ཞབས་འདེགས་ལས་གནས་ཉོ་བའི་ལས་དོན་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ་དང་། འབྲེལ་ཡོད་སྲིད་ཇུས་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི་སྤྱི་ཚོགས་རོགས་སྐྱོབ་ཀྱི་སྒྲུབ་གཉེར་ཞབས་འདེགས་འཇོན་ཐང་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྤྱི་ཚོགས་རོགས་སྐྱོབ་ཞབས་འདེགས་ཡིད་ཚིམ་ཚད་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་བཅས་བྱ་རྒྱུ་ཡིན་ཞེས་བཏོན་ཡོད།
         《བསམ་འཆར》ནང་སྲིད་གཞུང་གིས་སྤྱི་ཚོགས་རོགས་སྐྱོབ་ཀྱི་ཞབས་འདེགས་ལས་གནས་ཉོ་བའི་ཉོ་སྒྲུབ་བྱེད་པོ་དང་། ཉོ་སྒྲུབ་ནང་དོན། དང་ལེན་བྱེད་པོ། ཉོ་སྒྲུབ་ལམ་སྲོལ་བཅས་གཏན་འཁེལ་ཁ་གསལ་བྱས་པ་དང་སྦྲགས། གྲོན་དངུལ་འགན་ལེན་དང་། ལས་རྗེས་གདེང་འཇོག ལྟ་སྐུལ་དོ་དམ་བཅས་ལ་གཏན་འབེབས་བྱས་ཡོད། 《བསམ་འཆར》ནང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ནི་སྤྱི་ཚོགས་རོགས་སྐྱོབ་ཞབས་འདེགས་ལས་གནས་ཉོ་བའི་བྱེད་པོ་དང་དམངས་སྲིད་སྡེ་ཚན་ནི་སྒྲིག་འཛུགས་ལག་བསྟར་གྱི་འགན་ཞིབ་ཕྲ་འཁུར་མཁན་ཡིན་པ་དང་། སྲིད་གཞུང་གིས་ཉོས་པའི་སྤྱི་ཚོགས་རོགས་སྐྱོབ་ཞབས་འདེགས་ལས་གནས་ལ་ལས་དོན་རང་བཞིན་གྱི་ལས་ཀ་དང་ཞབས་འདེགས་རང་བཞིན་གྱི་ལས་ཀ་རིགས་གཉིས་ཚུད་ཡོད་པ། ཆ་རྐྱེན་དང་འཚམ་པའི་སྤྱི་ཚོགས་ཀྱི་རྩ་འཛུགས་དང་། བྱ་གཞག་ཚན་པའི་ཁྲིམས་མི། ཁེ་ལས། སྒྲིག་གཞི་སོགས་སྤྱི་ཚོགས་སྟོབས་ཤུགས་ཚང་མ་གཞུང་དྲང་ངང་འགྲན་རྩོད་ལ་ཞུགས་ནས་སྤྱི་ཚོགས་རོགས་སྐྱོབ་ཀྱི་ཞབས་འདེགས་ཞུ་མཁན་བྱེད་ཆོག་གི་ཡོད། སྲིད་གཞུང་གིས་སྤྱི་ཚོགས་རོགས་སྐྱོབ་ཞབས་འདེགས་ལས་གནས་ཉོ་བའི་གྲོན་དངུལ་དེ་ནོར་སྲིད་སྔོན་རྩིས་ནང་འཇོག་དགོས་པ་དང་རིམ་པ་ཁག་ལ་ཡོད་པའི་སྤྱི་ཚོགས་རོགས་སྐྱོབ་ལས་དོན་གྱི་གྲོན་དངུལ་ལམ་ཡང་ན་སྤྱི་ཚོགས་རོགས་སྐྱོབ་ཀྱི་ཆེད་དམིགས་མ་དངུལ་སོགས་སྔོན་རྩིས་ཁྲོད་ནས་སྤྱི་འདོམས་བཀོད་སྒྲིག་བྱེད་དགོས། ལས་རྗེས་གདེང་འཇོག་ལ་ཤུགས་སྣོན་རྒྱག་པ་དང་ལྟ་སྐུལ་དོ་དམ་ནན་དུ་བཏང་ནས་ཉོ་སྒྲུབ་བྱ་སྤྱོད་ཡོངས་བསྒྲགས་ཕྱི་གསལ་ནང་གསལ་དང་ཚད་ལྡན་ནུས་ལྡན་ཡོང་བའི་འགན་ལེན་བྱེད་དགོས་པ་བཏོན་ཡོད།
          《བསམ་འཆར་》ནང་ས་གནས་ཁག་གིས་གཞི་རིམ་གྱི་སྤྱི་ཚོགས་རོགས་སྐྱོབ་ཀྱི་སྒྲུབ་གཉེར་ཞབས་འདེགས་འཇོན་ཐང་ཆེ་རུ་ཏན་ཏིག་བཏང་ནས་སྡེ་ཚན་གཅིག་གིས་བདག་སྤྲོད་དང་། མཐུན་སྦྱོར་མཉམ་སྒྲུབ། ཐོན་ཁུངས་སྤྱི་འདོམས། ཕྱོགས་བསྡུས་སྐྱོབ་བཅོས་བཅས་ཀྱི་སྤྱི་ཚོགས་རོགས་སྐྱོབ་ལས་ཀའི་རྣམ་པ་ཞིག་གང་མགྱོགས་ཆགས་པར་བྱེད་དགོས། ཤང་དང་གྲོང་རྡལ(ཁྲོམ་གཞུང)དུ“སྡེ་ཚན་གཅིག་གིས་བདག་སྤྲོད་བྱེད་པའི”སྐར་ཁུང་ཡོངས་ཁྱབ་བཙུགས་ནས་སྤྱི་ཚོགས་རོགས་སྐྱོབ་ཀྱི་འདུན་ཞུའི་དོན་གནད་ལ་གཅིག་གྱུར་བདག་སྤྲོད་དང་གཞན་ལ་བསྒྲུབ་རྒྱུར་སྤྲོད་པ། རྫོང་དང་ཤང་རིམ་པ་གཉིས་ལ་སྤྱི་ཚོགས་ཀྱི་རོགས་སྐྱོབ་སྒྲུབ་གཉེར་ཞབས་འདེགས་མཁོ་བའི་ལས་དོན་པ་ལུགས་མཐུན་ངང་གཏན་འཁེལ་བྱས་ནས་ལས་ཀར་དོ་དམ་བྱེད་མཁན་ཡོད་པ་དང་འགན་འཁྲི་འཁུར་མཁན་ཡོད་པའི་འགན་ལེན་བྱེད་པ། གྲོང་ཚོ(གྲོང་ལྷན)ཨུ་ལྷན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གྲོང་ཚོ་རིམ་པའི་སྤྱི་ཚོགས་རོགས་སྐྱོབ་མཐུན་སྦྱོར་བའི་ལམ་ལུགས་འཚོལ་ཞིབ་བྱས་ནས་འཛུགས་པ། སྤྱི་ཚོགས་རོགས་སྐྱོབ་ཀྱི་ཆ་འཕྲིན་ཅན་གྱི་འཛུགས་སྐྱོང་ལ་སྐུལ་མ་མགྱོགས་པོ་གཏོང་བ། སྤྱི་ཚོགས་རོགས་སྐྱོབ་ཆ་འཕྲིན་ཕན་ཚུན་སྦྲེལ་མཐུད་དང་ཐོན་ཁུངས་མཉམ་སྤྱོད་ཐུབ་པ། མི་སྣ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་རོགས་སྐྱོབ་ཀྱི་རྐང་འཛིན་ཤེས་ལྡན་པ་ཁག་གཅིག་གསོ་སྦྱོང་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།