མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི"འགག་རྩའི་ཐབས་མཆོག"དེ་ཡག་པོ་སྤྱོད་དགོས།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་09ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         —— ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་ཐོབ་པའི་གྲུབ་འབྲས་སྒྲིལ་གླེང་།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་སྔར་བྱུང་མྱོང་མེད་པའི་ཆོད་སེམས་དང་ལས་དོན་སྒྲུབ་ཤུགས་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་སྐུལ་མ་གཏིང་ཟབ་བཏང་ནས་ཕྱོགས་ཡོངས་ནས་ནུས་པ་བཏོན་པ་དང་། ཕྱོགས་མང་ཚད་བརྒལ། རྒྱུན་སྲིང་ལྷོད་མེད། གཏིང་ཟབ་ཕྱོགས་སུ་སྐུལ་གཏོང་བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་པར་བྱས་པ་དང་སྒྱུར་བཅོས་ཀྱི་ལེའུ་གསར་པ་བརྩམས་པ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་གཅིག་ཏུ་སྒྲིལ་ཡོད་པ་རེད།
         བརྒྱུད་རིམ་ལྡན་པའི་འཆར་འགོད་བྱས་ནས་རེས་སྐོར་གསར་པའི་སྒྱུར་བཅོས་ཀྱི་ཚ་རླབས་གསར་པ་ཞིག་འཕྱུར་བ།
         ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ནི“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ཀྱི་ཚད་བརྒལ་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་འགག་རྩའི་ལྷུ་ཚིགས་ཤིག་རེད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་ཐུན་མོང་ཐོག་སྒྱུར་བཅོས་ཆེད་ཐབས་ཤེས་གཏོང་བ་དང་ནུས་པ་བཏོན་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི“གདུང་བཞི་ཀ་བརྒྱད”རྣམ་པའི་སྒྱུར་བཅོས་ཀྱི་སྒྲོམ་གཞི་གཙོ་བོ་རྩ་བའི་ཆར་གཏན་འཁེལ་བྱུང་བས་འགག་རྩའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟམ་མི་ཆད་པར་མགྱོགས་སུ་སོང་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་གཏན་ཚིགས་རིག་པ་ཟབ་མོ་དང་སྒྲོམ་གཞི་ཆེན་པོའི་རྣམ་པ་ཞིག་རིམ་པས་མངོན་བཞིན་ཡོད་པ་རེད།
          ལོ་ལྔའི་རིང་སྒྱུར་བཅོས་ལ་གཅིག་སྡུད་ཐོག་སྐུལ་མ་བཏང་ཞིང་། དཀའ་ཚེགས་དང་རྙོག་འཛིང་ཆེ་བའི་སྒྱུར་བཅོས་ཀྱི་ལས་འགན་མདུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་བཞེས་ཏེ་ཐུན་མོང་མ་ཡིན་པའི་ཆབ་སྲིད་ཀྱི་བློ་སྟོབས་དང་བློ་རིག་ལ་བརྟེན་ནས་སྒྱུར་བཅོས་བྱ་རྒྱུར་སྐུལ་གཏོང་དང་སྤྱི་ཡོངས་ཀྱི་འདུ་ཤེས་དང་བརྒྱུད་རིམ་ལྡན་པའི་བསམ་གཞིག་ལ་བརྟེན་ནས་སྒྱུར་བཅོས་ཀྱི་འཆར་གཞི་བཀོད་དེ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་དཔལ་འབྱོར་སྒྲིག་གཞི་དང་སྣོད་བཅུད་ཤེས་དཔལ་སྒྲིག་གཞི་སྒྱུར་བཅོས་དང་། དམངས་གཙོ་ཁྲིམས་ལུགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས། རིག་གནས་སྒྲིག་གཞི་སྒྱུར་བཅོས། སྤྱི་ཚོགས་ཀྱི་སྒྲིག་གཞི་སྒྱུར་བཅོས། ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས། སྒྲིག་ཁྲིམས་ཞིབ་བཤེར་གྱི་སྒྲིག་གཞི་སྒྱུར་བཅོས་བཅས་ཆེད་དོན་ཚོགས་ཆུང་གི་སྒྱུར་བཅོས་བཀོད་སྒྲིག་ཁག་དྲུག་ཕྱོགས་ཡོངས་ནས་སྤེལ་བ་རེད།
         ལོ་ལྔའི་རིང་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་ཞིང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སྒྲིག་གཞི་དང་ལམ་སྲོལ་ནས་འགོ་འཛུགས་པ་དང་། མིག་སྔ་དང་ཕུགས་གཉིས་ཀར་ལྟ་རྟོག་བྱེད་པ། སྤྱི་ཡོངས་དང་ཆ་ཤས་ལ་སྤྱི་འདོམས་བྱེད་པ། རྩེ་རིམ་ཇུས་འགོད་དང“རྡོ་མྱུལ་རབ་སྒྲོལ”དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་སོགས་སྒྱུར་བཅོས་ཀྱི་བྱ་ཐབས་ཁག་1500ལྷག་ཙམ་དམིགས་སར་དོན་འཁྱོལ་བྱུང་ནས་ཕན་འབྲས་ཐོན་པ་དག་ཁེབས་རྒྱ་ཆེ་བ་དང་། ཁེ་ཕན་དང་འབྲེལ་བ། སྐུལ་མ་ཐེབས་ཤུགས་ཆེ་བ་བཅས་སྔར་བྱུང་མྱོང་མེད་པ་ཞིག་རེད།
         དཔལ་འབྱོར་དང་སྣོད་བཅུད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་དམ་འཛིན་བྱེད་པར་འགལ་རྐྱེན་ཆེ་བ་དང་ཚད་བརྒལ་དཀའ་བའི“དཀའ་གནད”ཐད་རྒྱུན་སྲིང་འགག་སྒྲོལ་བྱུང་ནས་སྒྱུར་བཅོས་ཀྱིས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་སྒུལ་ཤུགས་ཀྱི་ནུས་པ་རིམ་པས་མངོན་པ་དང་། དམངས་གཙོ་ཁྲིམས་ལུགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་བརྟན་པོའི་ངང་རིགས་པས་ཁུངས་སྐྱེལ་དང་རང་འགུལ་ངང་བྱས་རྗེས་འཇོག་པ། ཁྲིམས་འཛིན་ཁྱབ་ཁོངས་ཐད་སྒྱུར་བཅོས་ཆེན་པོ་བྱས་པ་དང་ཁྲིམས་འཛིན་གྱི་འགན་འཁྲིའི་ལམ་ལུགས་སྒྱུར་བཅོས་ཕྱོགས་ཡོངས་ནས་བྱས་པ། གྱོད་ཐོ་འགོད་དཀའ་བ་དང་། གཏུག་བཤེར་དཀའ་བ། ལག་བསྟར་དཀའ་བ་བཅས་ཀྱི་དཀའ་གནད་རིམ་པས་ཐག་གཅོད་བྱུང་བ། རིག་རྩལ་དར་རྒྱས་གོང་འཕེལ་ཡོང་བའི་སྲིད་ཇུས་བཟང་པོ་མང་པོ་བཏོན་པ་དང་།
         རྨང་གཞིའི་རང་བཞིན་གྱི་སྒྱུར་བཅོས་གཞི་རྩའི་ཆར་བྱས་པ། རིག་གནས་གསར་གཏོད་ཀྱི་གསོན་ཤུགས་མཉམ་འཕེལ་བཅས་བྱུང་ཡོད་པ་རེད།
         སྤྱི་ཚོགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཀྱི་གཙོ་གནད་དབུལ་སྒྲོལ་འགག་སྒྲོལ་དང་། སློབ་གསོ་སྨན་བཅོས། སྡོད་ཁང་དང་རྒན་གསོ་སོགས་དམངས་འཚོའི་ཐད་ཀྱི་གླེང་མང་བའི་གནད་དོན་ལ་དམིགས་ཏེ་གཙོ་གནད་སྒྱུར་བཅོས་ཀྱི་བྱ་ཐབས་ཁག་གཅིག་མཉམ་དུ་བཏོན་པས་མི་ཚོར་ཐོབ་ཚོར་དེ་བས་མང་བ་བྱུང་བ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྱོང་མཉམ་འདྲེས་དང་གཏིང་ཟབ་ཀྱི་ཕྱོགས་སུ་གོང་འཕེལ་བྱུང་བ། ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སྒྲིག་ཁྲིམས་ཞིབ་བཤེར་གྱི་སྒྲིག་གཞི་སྒྱུར་བཅོས་ཐད་ཚད་བརྒལ་རང་བཞིན་གྱི་ཡར་རྒྱས་བྱུང་ནས་རུལ་རྒོལ་འཐབ་རྩོད་ཀུན་ལས་རྣམ་པར་རྒྱལ་བའི་རྣམ་པ་ཞིག་ཆགས་ཏེ་ཏང་སྲོལ་དང་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་ནས་ཏང་གི་སྲིད་སྐྱོང་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད།