མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་11ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་9ཉིན། རྒྱལ་ཁབ་ཀྱི་དབུལ་སྐྱོར་ཉིན་མོ་བཞི་པ་འཆར་ཉེའི་མཚམས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་ལས་ཀར་མཛུབ་སྟོན་གལ་ཆེན་གནང་སྟེ་སྤྱི་ཚོགས་རིང་ལུགས་ནི་འབད་འབུངས་བྱས་ནས་བྱུང་བ་ཞིག་རེད། དབུལ་སྒྲོལ་འགག་སྒྲོལ་ནི་དམག་འཐབ་དྲག་པོའི་ནང་གི་དྲག་པོ་ཡིན་པས། ངེས་པར་དུ་འབད་འཐབ་ལྡབ་བརྒྱ་བྱེད་དགོས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཡང་འབད་བསྐྱར་འབད་དང་ལས་དོན་ཏན་ཏིག་སྒྲུབ་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག་ལས་ཀའི་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་གཏོད་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་དབུལ་ཕོངས་ཀྱི་གནས་ལས་སྒྲོལ་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་བདེ་སྐྱིད་དོན་གཉེར་བྱེད་པ་ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་བའི་དམིགས་ཡུལ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་2020ལོར་སླེབས་སྐབས་ད་ཡོད་ཀྱི་ཚད་གཞིའི་ཐོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་པའི་ཁས་ལེན་ཟབ་མོ་གནང་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་། ས་ཁུལ་དབུལ་པོའི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་དངོས་སྒྲུབ་བྱེད་པ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་སེམས་ནུས་ཡོད་རྒུས་རོགས་སྐྱོར་བྱེད་པ་བཅས་ཀྱི་སྒོ་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱས་པས། དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བར་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་བ་དང་གྲུབ་འབྲས་ཁས་ལེན་གང་ལེགས་བྱེད་འོས་པ་ཞིག་ཐོབ་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཚ་རླབས་འཕྱུར་བའི་ལག་ལེན་ཁྲོད་སྔོན་ཐོན་དཔེ་མཚོན་འབོར་ཆེན་ཐོན་པ་དང་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་བྱ་དགའ་ཐོབ་མཁན་རྣམས་ནི་དེའི་ཁྲོད་ཀྱི་ཕུལ་བྱུང་འཐུས་མི་ཡིན་པས། གཞི་རིམ་དུ་རྩ་བ་ཚུགས་པ་དང་། འགན་འཁྲི་ལྕི་པོ་ཁུར་ཕོད་པ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། གསར་གཏོད་བྱེད་ཕོད་པ་བཅས་ཀྱི་ཁོང་ཚོའི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཕྱོགས་ཁག་ལ་ཆོད་སེམས་བརྟན་པོ་དང་བྱ་སྤྱོད་ཧུར་ཐག་སྤེལ་དགོས་པའི་ལྕག་སྐུལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་མཉམ་ཤུགས་སྔར་བས་ཆེ་རུ་གཏོང་དགོས། གཞི་རིམ་འཐབ་ས་དང་པོའི་དབུལ་སྐྱོར་ལས་དོན་པ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་སྟོབས་གསར་དམག་དཔུང་ཡིན་པས། ཁོང་ཚོར་ཆབ་སྲིད་ཐད་ཐུགས་ཁུར་དང་། ལས་དོན་ཐད་རྒྱབ་སྐྱོར། འཚོ་བའི་ཐད་འགན་ལེན་བཅས་བྱེད་དགོས་པ་དང་ཁོང་ཚོར་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་སའི་ཐོག་འབད་འབུངས་སྟོབས་བརྩོན་དང་འཇོན་ཐང་གང་ལེགས་ངོམས་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་སྟེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་པ་ནི་རྒྱ་ཆེའི་མི་དམངས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། ད་རེས་དཔྱད་འདེམས་དང་གཟེངས་བསྟོད་བྱས་པའི་བྱ་དགའ་ཐོབ་མཁན་དག་ནི་ལོ་འཁོར་མོར་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་གཙོ་བོ་དང་གཞི་རིམ་གྱི་འཐབ་ས་དང་པོར་འབད་འབུངས་བྱེད་བཞིན་ཡོད་པ་དང་། ཁོང་ཚོས་རང་སོ་སོའི་ལས་གནས་ཐོག་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་ཧུར་ཐག་བཏོན་ཏེ་སྤྱིར་བཏང་མིན་ལ་སེམས་འགུལ་ཐེབས་འོས་པའི་ལས་རྗེས་བཏོད་ཡོད་པས། གཟེངས་བསྟོད་ཐོབ་མཁན་བློ་མཐུན་རྣམས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན། ད་ཆ་དབུལ་སྒྲོལ་འགག་སྒྲོལ་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་ཡོད་པས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དགོངས་པ་གསར་པ་དང་། འདུ་ཤེས་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་བྱ་ཐབས་མཐའ་འཁྱོངས། ཤིན་ཏུ་དབུལ་བའི་ས་ཁུལ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་སྔོན་ཐོན་དཔེ་མཚོན་མིག་དཔེར་འཛིན་ནས་དེ་བས་ཆེ་བའི་འགན་འཁྲི་ཁུར་སེམས་དང་། དེ་བས་ནན་པའི་བྱ་ཐབས། དེ་བས་ཆེ་བའི་སྟོབས་ཤུགས་བཅས་ལ་བརྟེན་ནས་དབུལ་སྒྲོལ་ལ་ཚོད་འཛིན་བཟོ་བའི་འགག་རྩའི་འཇུར་མིག་དང་མངོན་གསལ་དོད་པའི་དཀའ་ངལ་ཐག་གཅོད་ཧུར་ཐག་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དངོས་ཕན་ཆེ་རུ་ཧུར་ཐག་གཏོང་བ། ས་ཁུལ་དབུལ་པོའི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་བཅས་བྱེད་དགོས། གཞི་རིམ་གྱི་དབུལ་སྐྱོར་ལས་དོན་པའི་ལས་ཀ་དང་འཚོ་བར་རྒྱབ་སྐྱོར་དང་སེམས་ཁུར་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྔར་བས་གཅིག་སྒྲིལ་གྱིས་འབད་འབུངས་ཡར་བརྩོན་དང་དཀའ་སྤྱད་དངོས་སྒྲུབ་བྱས་ནས་མང་ཚོགས་དབུལ་པོ་རྣམས་དུས་བཀག་ནང་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།
         ཚེས་9ཉིན་གྱི་སྔ་དྲོ་པེ་ཅིང་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་དབང་དབྱང་སྙན་ཞུ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།