མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཛམ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེ་མོ་ཀྲུང་གོར་གཉེར་རེ་ཞུ་བའི་གསལ་
བཤད་དུས་མཚམས་སུ་བརྙན་ལམ་ཐོག་ནས་ཤིས་ཚིག་གསུངས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་16ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨབ་ཀྲ་པེ་རུ་འཚོགས་པའི་འཛམ་གླིང་གི་རྩལ་ནུས་རྩ་འཛུགས་ཀྱི་ཁོངས་མི་ཡོངས་ཀྱི་ཚོགས་ཆེན་ཐོག་2021ལོའི་འཛམ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་46པ་དེ་ཀྲུང་གོའི་ཧྲང་ཧའེ་རུ་གཉེར་རྒྱུའི་ཐག་བཅད་པ་རེད།
         ས་གནས་དེ་གའི་དུས་ཚོད་ཚེས་13ཉིན་གྱི་ཕྱི་དྲོ། ཚོགས་ཆེན་ཐོག་ཧྲང་ཧའེ་ལ་གཉེར་དབང་ཐོབ་པ་གཏན་འཁེལ་མ་བྱས་གོང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་ཚོགས་ཆེན་ལ་ཤིས་ཚིག་གསུངས་པ་དང་། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་ཧྲང་ཧའེ་གྲོང་ཁྱེར་གྱིས་འཛམ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་46པ་གཉེར་རྒྱུའི་ཐད་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་རྒྱུ་ཡིན་ལུགས་གསུངས་པ་དང་ཧྲང་ཧའེ་ཡིས་ངེས་པར་དུ་འཛམ་གླིང་ཐོག་གསར་གཏོད་དང་ཤུགས་རྐྱེན་བཟང་པོ་ཐེབས་པའི་འཛམ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེ་མོ་ཞིག་སྐྱེས་སུ་འབུལ་རྒྱུའི་ཞལ་བཞེས་གནང་བ་རེད། 
        ཞི་ཅིན་ཕིང་གིས་འཛམ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེ་མོ་ཀྲུང་གོར་གཉེར་བ་དེས་ཀྲུང་གོས་རྒྱལ་ཁབ་ཁག་དང་རྩལ་ནུས་ཁྱབ་ཁོངས་སུ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་མ་གཏོང་རྒྱུའི་ཐད་ཕན་པ་ཡོད་པ་དང་། ཀྲུང་གོའི་རྒྱལ་ཡོངས་ཀྱི་མང་ཚོགས་དང་ལྷག་དོན་དུ་གཞོན་ནུ་ལོ་ཆུང་དུང་ཕྱུར་12ཙམ་གྱི་སྣེ་ཁྲིད་དེ་རྩལ་ནུས་བྱེད་སྒོར་དོ་ཁུར་དང་། དགའ་ཞེན། དེའི་ནང་ཞུགས་ནས་ཀྲུང་གོའི་མི་དམངས་ལ་འཛམ་གླིང་གི་རྩལ་ནུས་ལུས་རྩལ་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་བའི་གོ་སྐབས་ཡོད་པ་བྱས་པ་རེད། ཀྲུང་གོ་སྲིད་གཞུང་གིས་འཛམ་གླིང་གི་རྩལ་ནུས་རྩ་འཛུགས་ཀྱི་འཕེལ་རྒྱས་ཀྱི་དམིགས་ཡུལ་ལ། ཚད་མཐོའི་བསྔགས་བརྗོད་བྱས་ཏེ་བྱེད་སྒོ་ཁག་ནང་ཧུར་ཐག་ཞུགས་འདོད་ཡོད་ལ། མུ་མཐུད་གོ་ལ་ཧྲིལ་པོར་དབུལ་པོ་ཉུང་དུ་གཏོང་བ་དང་རྒྱུན་མཐུད་འཕེལ་རྒྱས་གཏོང་རྒྱུའི་ཐད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད། ཀྲུང་གོ་སྲིད་གཞུང་གིས་ཕྱོགས་ཡོངས་ནས་ཁས་ལེན་ལག་ལེན་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱས་ཏེ་འཛམ་གླིང་གི་རྩལ་ནུས་རྩ་འཛུགས་ཀྱི་འཐབ་ཇུས་2025ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
        མི་སྤྱི་པུའི་པུའུ་ཀྲང་དབྱི་ཝུའེ་མིན་དང་། ཧྲང་ཧའེ་གྲོང་ཁྱེར་གྱི་གྲོང་དཔོན་དབྱིང་ཡུང་། འཛམ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་46པའི་གཟུགས་བརྙན་ཕོ་ཉ། འཛམ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་43པའི་པར་རྒྱག་སྨྱན་སྦྱོར་ལག་རྩལ་རྣམ་གྲངས་ཀྱི་དངུལ་གྱི་རྟགས་མ་ཐོབ་མཁན་ཀྲང་ཧྲུའུ་ཕིང་། ཧྲང་ཧའེ་དཔེ་སྐྲུན་པར་རྒྱག་གི་མཐོ་རིམ་ཆེད་ཚན་སློབ་གྲྭའི་སློབ་མ་ཤའོ་ཏ་ཕེ་བཅས་ཀྱིས་ཁག་སོ་སོས་ཚོགས་ཆེན་ཐོག་གསལ་བཤད་བྱས་པ་དང་ས་གནས་ས་ཐོག་ཏུ་ད་དུང་ཧྲང་ཧའེ་གྲོང་ཁྱེར་གྱིས་འཛམ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་46པ་གཉེར་རེ་ཞུ་བའི་དྲིལ་བསྒྲགས་པར་གཞི་བསྟན་པ་རེད།
        འཛམ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེ་མོ་དེར“འཛམ་གླིང་གི་རྩལ་ནུས་ཨོ་ལིམ་ཕིག”ཅེས་བརྗོད་པ་དེའི་རྩལ་ནུས་ཆུ་ཚད་ཀྱིས་ད་ཆའི་ལས་རིགས་རྩལ་ནུས་འཕེལ་རྒྱས་ཀྱི་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ཀྱི་ཚབ་བྱེད་ཐུབ་ཀྱི་ཡོད། ད་བར་འཛམ་གླིང་རྩལ་ནུས་རྩ་འཛུགས་ཀྱིས་འཛམ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་43བདེ་བླག་ངང་གཉེར་ཟིན་པ་རེད།