མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་30ཉིན་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཟིན་ལ་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་དགོངས་འཆར་དང་གྲོས་འགོ་ཉན་ལེན་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་གལ་ཆེན་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་དམིགས་ཡུལ་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་གསར་པར་དམིགས་ནས་ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོའི་ཏང་ཤོག་ཁག་གིས་ལས་དོན་མཉམ་སྒྲུབ་བྱེད་ཤུགས་ཇེ་ཆེར་བཏང་ནས་ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་དང་། ཚད་ཆེ་ཤོས་ཀྱི་སྒོ་ནས་རིམ་གྲས་ཁག་དང་ཕྱོགས་གང་ཅིའི་ཐད་ཀྱི་བློ་གྲོས་དང་སྟོབས་ཤུགས་གོང་བུར་འགྲིལ་བ། ཚད་ཆེ་ཤོས་ཀྱི་སྒོ་ནས་སྤྱི་ཚོགས་ཡོངས་དང་མི་རིགས་ཁག་གི་ཧུར་བརྩོན་བྱེད་སེམས་དང་། རང་འགུལ་བྱེད་སེམས། གསར་གཏོད་བྱེད་སེམས་བཅས་འདོན་སྤེལ་བཅས་བྱས་ཏེ་ཐུན་མོང་དུ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱ་དགོས་ཞེས་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཡུས་ཀྲེང་ཧྲེང་དང་ལིའུ་ཡུན་ཧྲན། ཝང་ཆི་ཧྲན་བཅས་བཞུགས་མོལ་ཚོགས་འདུར་ལ་ཞུགས་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཟིན་གྲུབ་རིམ་ངོ་སྤྲོད་གནང་བ་དང་། ཁོང་གིས་ཏང་ཕྱིའི་མི་སྣ་ཚོས་གང་བསམ་དེ་བཤད་དང་རང་གི་ལྟ་སྟངས་བཤད་དེ་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཟིན་ལ་དགོངས་འཆར་གང་ཡོད་འདོན་རྒྱུའི་རེ་བ་གནང་བ་རེད།