མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་
གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་18ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཀྲུང་གུང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཙུའུ་ཡིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་ཡུས་ཀྲེང་ཧྲེང་གིས་ཏང་ཙུའི་ཁོངས་མིའི་སྣེ་ཁྲིད་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་བསམ་བློ་དང་བྱ་སྤྱོད་སྤྱི་བསྒྲགས་ཀྱི་དགོངས་དོན་དང་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་བསམ་བློའི་འཁྱེར་ཕྱོགས་ཡག་པོ་དང་གཟེངས་སུ་ཐོན་པའི་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།
          ཏང་ཙུའི་ཁོངས་མིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་ཉེའི་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཐོག་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་གནང་བ་མ་ཟད། ད་དུང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔའི་ལས་དོན་ལ་ཕྱོགས་སྡོམ་གཏིང་ཟབ་དང་། མིག་སྔའི་དུས་བབ་དང་ལས་འགན་ཚན་རིག་དང་མཐུན་པའི་ངང་དབྱེ་ཞིབ། དུས་བབ་གསར་པའི་འོག་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད་འཛུགས་སྐྲུན། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བཅས་སྐོར་གྱི་གནད་དོན་གལ་ཆེན་འགའ་ཞིག་ལ་གྲོས་བསྡུར་གཏིང་ཟབ་བཅས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུར་གྲ་སྒྲིག་གང་ལེགས་གནང་བའི་ངོས་འཛིན་གཅིག་མཐུན་བྱས་པ་རེད།
         ཚང་མས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པར་བསྒྲེངས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་བ་དང་། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་གྱིས་སྐུལ་འདེད་བཏང་བ། འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པ། མཛད་ཕྱོགས་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་པ། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ། ལས་དོན་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་བཏང་བ། ཐག་གཅོད་བྱེད་དགོས་བསམས་ཀྱང་ཡུན་རིང་ཐག་གཅོད་མ་བྱུང་བའི་དཀའ་གནད་མང་པོ་ཞིག་ཐག་གཅོད་གནང་བ། སྒྲུབ་དགོས་བསམས་ཀྱང་གྲུབ་མ་ཐུབ་པའི་བྱ་བ་ཆེན་པོ་མང་པོ་ཞིག་བསྒྲུབས་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་བཅས་ཀྱི་ངོས་འཛིན་གཅིག་མཐུན་བྱས་པ་རེད།