མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས་ནས་ཏང་གི་སྐབས་བཅོ་
བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་
སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་18ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའི་ཚོགས་འདུ་འཚོགས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་སྲིད་གཞུང་གི་ལས་དོན་ཁག་སྔར་བས་ལེགས་པར་བསྒྲུབ་རྒྱུའི་བཀོད་སྒྲིག་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུས་པ་རེད།
         ཚོགས་འདུའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་ཆེད་གྲ་སྒྲིག་ཨང་བསར་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་བསམ་བློ་གཅིག་གྱུར་དང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཚུན་གྱི་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ལུགས་དང་། ལྷག་དོན་དུ་འདས་ཟིན་པའི་ལོ་ལྔའི་རིང་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ལུགས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ལུགས་བཅས་གསལ་ཤེས་གཏིང་ཟབ་ཐུབ་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་གལ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན་ལུགས་གསལ་ཤེས་གཏིང་ཟབ་ཐུབ་པ། ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་ཁུར་ལུགས་གསལ་ཤེས་གཏིང་ཟབ་བཅས་བྱེད་དགོས། ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུས་ནས་ཆབ་སྲིད་ཀྱི་ཚུགས་ནུས་དང་། སྒྲིག་ཁྲིམས་ཀྱི་ཚུགས་ནུས། ཀུན་སྤྱོད་ཀྱི་ཚུགས་ནུས། རུལ་འགོག་གི་ཚུགས་ནུས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་ཞེས་མཛུབ་སྟོན་གནང་བ་རེད།
          ཚོགས་འདུའི་ཐོག་རིམ་ཁག་སྲིད་གཞུང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ་རྒྱལ་ཁབ་ཀྱི་གནས་ཚུལ་ཆེ་ཤོས་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་འདི་ཁོང་དུ་བརྟན་པོ་ཆུད་པ་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ལ་འགྱུར་ལྡོག་རྒྱུན་ཆད་མེད་པར་འགྲོ་བའི་ཁྱད་ཆོས་དེ་བས་གནད་ལ་འཁེལ་བའི་ངང་ཁོང་དུ་ཆུད་པ། “ཕྱོགས་ལྔ་བཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། བློ་བརྟན་འགྱུར་མེད་ངང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་ལུགས་ལ་དམ་པོར་དམིགས་པ། ལས་དོན་ཁག་ཧུར་ཐག་སྒྲུབ་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ཏེ་འབད་འབུངས་ཧུར་ལེན་གྱི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ལེགས་པར་སྒྲུབ་དགོས། སྲིད་གཞུང་གིས་འགན་ནུས་ལེགས་སྒྱུར་ལ་མུ་མཐུད་སྐུལ་འདེད་བཏང་ནས་གཙོ་གནད་ལ་དམ་འཛིན་དང་། མི་འདང་ས་གསབ་པ། ཞན་ཆ་གསབ་པ་བཅས་ལ་ཤུགས་སྣོན་གྱིས་འགུལ་ནུས་གསར་རྙིང་མུ་མཐུད་བརྗེ་སྒྱུར་བྱེད་མགྱོགས་སུ་གཏོང་དགོས་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ནུས་ལྡན་བཏང་ནས་ཉེན་ཁ་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱེད་དགོས། དམངས་འཚོ་ལེགས་བཅོས་ནུས་ལྡན་བྱས་ནས་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་དགོས། མིག་སྔར་ལྷག་པར་དུ་གཏན་འཁེལ་ཟིན་པའི་བཀོད་སྒྲིག་སྔར་བས་དོན་འཁྱོལ་ཡག་པོ་བྱས་ཏེ་འདི་ལོའི་ལོ་སྨད་ཟླ་བ་ཁ་ཤས་ཀྱི་ལས་དོན་ཁག་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་ངང་ལེཌ་པར་བསྒྲུབས་ནས་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་ནས་ཕུན་སུམ་ཚོགས་པོའི་ངང་ལས་མཇུག་བསྡུ་དགོས། དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་བརྟན་ཁྲོད་ཡག་མཛེས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།