མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲང་ཏེ་ཅང་ནང་སོག་རང་སྐྱོང་ལྗོངས་འཐུས་མི་ཚོགས་པའི་གྲོས་བསྡུར་དུ་ཞུགས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་19ཉིན། 11:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲང་ཏེ་ཅང་ནང་སོག་རང་སྐྱོང་ལྗོངས་འཐུས་མི་ཚོགས་པའི་གྲོས་བསྡུར་དུ་ཞུགས་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་18ཉིན་གྱི་ཕྱི་དྲོ་བློ་མཐུན་ཀྲང་ཏེ་ཅང་ཁོང་གནས་སའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་སོག་འཐུས་མི་ཚོགས་པར་ཕེབས་ནས་འཐུས་མི་ཚོ་དང་ལྷན་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ལ་གྲོས་བསྡུར་གནང་ཞིང་། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་གནང་བའི་སྙན་སྒྲོན་ལ་མོས་མཐུན་རྦད་དེ་ཡོད་ཅེས་གསུངས།
         ཀྲང་ཏེ་ཅང་གིས་ལོ་ལྔའི་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ཅིང་། “གསར་གཏོད”རབ་དང་རིམ་པ་བྱས་པ། “སྒྲུབ་མི་ཐུབ་པའི”བྱ་བ་རབ་དང་རིམ་པ་བསྒྲུབས་པས་ཏང་དང་རྒྱལ་ཁབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཅིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དེ་བཞིན་འཛམ་གླིང་ཡོངས་ཀྱི་བསྔགས་བརྗོད་ཐོབ་ཡོད། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་གྲུབ་འབྲས་ཐོབ་པའི་ཆེས་གལ་ཆེན་དང་ཆེས་འགག་རྩ་ནི་རང་རེའི་ཏང་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྲོག་ཤིང་འདི་ཡོད་པས་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པས་ཡིན་ཞེས་གསུངས།
         ཀྲང་ཏེ་ཅང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་དུས་རབས་འབྱེད་པའི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཏོད་ཡོད། འདི་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིགས་པའི་གཞུང་ལུགས་མ་ལག་གི་གྲུབ་ཆའི་ཆ་གལ་ཆེན། ལག་ལེན་གྱིས་ར་འཕྲོད་བྱས་པའི་ཚན་རིག་དང་མཐུན་པའི་བདེན་དོན། རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་། རླབས་ཆེན་གྱི་འདུ་འགོད་འཛུགས་སྐྲུན་བྱེད་པ། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ལག་ལེན་གྱི་ཕྱོགས་སྟོན། ཀྲུང་གོ་གུང་ཁྲན་ཏང་མིའི་དུས་རབས་གསར་པའི་བསམ་པའི་རྒྱབ་རྟེན་དང་སྟོབས་ཤུགས་ཀྱི་འབྱུང་རྩ། ང་ཚོས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་ཀྱི་དགོངས་པ་བཅས་ཡིན་པས། འདི་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བཀྲག་མདངས་འཚེར་ཤོས་དང་ཏང་གི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་བ་ཞིག་རེད་ཅེས་གསུངས།
         ཀྲང་ཏེ་ཅང་གིས་སྙན་སྒྲོན་གྱི་འགོ་ནས་མཇུག་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཚོན་ཡོད། ལོ་རྒྱུས་དང་དུས་རབས་ཀྱི་མཐོ་ཚད་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཙོ་རྐང་འདི་མཐའ་འཁྱོངས་དང་འཕེལ་རྒྱས་ལ་དམ་འཛིན་ནན་པོ་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པར་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ། དུས་རབས་གསར་པའི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་བཏོན་པ། གཞི་རྩའི་ཐབས་ཇུས་རྒྱས་བཤད་བྱས་པ། བརྗིད་ཆེའི་འཆར་གཞི་བཀོད་པ། དམངས་ཆེད་ཀྱི་དམིགས་ཡུལ་མཚོན་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་ནན་དུ་བཏང་བ་བཅས་བྱས་ཡོད་པས། རང་རེའི་ཏང་དུས་རབས་གསར་པར་སྐྱོད་པ་དང་། རྒྱང་སྐྱོད་ཀྱི་ལམ་གསར་པར་སྐྱོད་འགོ་ཚུགས་པ། ལེའུ་གསར་པ་མུ་མཐུད་རྩོམ་པ་བཅས་ཀྱི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད་ཅེས་གསུངས།
         ཀྲང་ཏེ་ཅང་གིས་ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ལྷག་དོན་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ནན་ཏན་དང་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ“འདུ་ཤེས་བཞི”འཆང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་དང་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ལྷག་བསམ་རྣམ་དག་དང་སྤྱོད་གཙང་ངང་འགན་འཁྲི་འཁུར་བ་བཅས་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་ཞེས་གསུངས།