མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འགོ་
ཚུགས་ཚོགས་འདུའི་ཐད་གཏོང་བལྟས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་20ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འགོ་
ཚུགས་ཚོགས་འདུའི་ཐད་གཏོང་བལྟས་པ།

          མི་དམངས་དྲ་བའི་འཕྲིན། ཞོགས་པའི་ཆུ་ཚོད་6པ་ལྷག་ཙམ་ལ་ནམ་ད་དུང་ལངས་མེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་གྲོང་ཚོའི་ལོ་63ལ་སླེབས་པའི་བགྲེས་སོང་ནོར་བུའི་ནང་མི་བྲེལ་བས་ཁེངས། ཨ་མ་རྒན་མོས་ཇ་བསྲུབས་མ་དང་མངར་མོ་བཟོ་བ་དང་བུ་མོ་བདེ་སྐྱིད་ཀྱིས་ཕྱི་ནང་དུ་གད་བདར་གཙང་མ་བྱས་རྗེས་ཚགས་ཤ་སྐམ་པོ་དང་། ཕྱུར་བ། བྱི་རིལ་ལ་སོགས་ཚོམས་ཆེན་གྱི་ཅོག་ཙེའི་སྟེང་དུ་བསྒྲིགས། བགྲེས་སོང་ནོར་བུས་བརྙན་འཕྲིན་དང་དེའི་གློག་སྐུད་དུ་ཞིབ་བཤེར་སོགས་བྱེད་པ་ནི་ཁྱིམ་མཚེས་རང་ཁྱིམ་དུ་ཡོང་ནས་མཉམ་དུ་ཚོགས་ཆེན་བཅུ་དགུ་པའི་ཚོགས་འདུ་གཟབ་རྒྱས་ལྟ་བའི་ཆེད་དུ་རེད།
         ཆུ་ཚོད་བརྒྱད་པ་ཙམ་ལ་ནང་མི་ཚང་མས་དུས་ཆེན་བསུ་བའི་གཟབ་མཆོར་སྤྲས། ཡུད་ཙམ་སོང་རྗེས་ཁྱིམ་མཚེས་ཚོ་གཅིག་རྗེས་གཉིས་མཐུད་ངང་སླེབས་པ་དང་ཚང་མས་མ་གྲོས་གཅིག་མཐུན་ངང་ལོ་གསར་གཏོང་བ་ལྟར་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཤིང་། “དེ་རིང་ནི་དགའ་འོས་པའི་ཉིན་མོ་ཞིག་ཡིན་པས་ངེས་པར་དུ་གྲ་རྒྱས་ཙམ་བྱེད་དགོས”ཞེས་ཤོད་པ་དང་། ཆུ་ཚོད་9དང་སྐར་མ་20ལ་སྤྱི་ཁྱབ་ཧྲུའུ་ཅིས“དམངས་ཕན་བྱེད་ཐབས་འབོར་ཆེན་ཞིག་ལག་བསྟར་དོན་འཁྱོལ་བྱས་སྟབས་མི་དམངས་ཀྱི་ཐོབ་ཚོར་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད”ཅེས་གསུངས་པ་ཐོས་སྐབས་དེ་གར་ཡོད་པའི་མི་ཚང་མས་མགོ་བོ་ལྕོག་ལྕོག་བྱེད་བཞིན་མོས་མཐུན་བྱས། བགྲེས་སོང་ནོར་བུས“བདེ་འཇགས་ལྡན་ལ་སྐྱིད་སྣང་དོད་པའི་ཁང་པ་ཆེན་པོར་སྡོད་རྒྱུ་བྱུང་བ་དང་། ཕྲུ་གུ་ཚོར་ལོ་15རིང་གི་སློབ་ཡོན་མི་དགོས་པའི་སློབ་གསོ་ལོངས་སུ་སྤྱོད་རྒྱུ་བྱུང་ནས་སློབ་གྲྭ་ཆེ་མོ་འགྲིམས་ཀྱང་སློབ་ཡོན་རྩིས་ཞུ་བྱ་རྒྱུ་ཡོད་པ། རྒན་རྒོན་ཚོར་ཟླ་རེར་རྒན་གསོའི་དངུལ་སྤྲོད་པ་མ་ཟད་ཁྱིམ་གྱི་སྒོ་ཁར་ནད་ལྟ་ཐུབ་པའི་ཁར་ད་དུང་འགྲོ་སོང་ཆེན་པོ་གཏོང་མི་དགོས་པ་ལ་སོགས་ཏན་ཏན་ཏིག་ཏིག་གི་དམངས་ཕན་སྲིད་ཇུས་དེ་དག་ང་ཚོས་དངོས་སུ་ལོངས་སྤྱོད་ཐུབ་པ་དང་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱིས་བཅིངས་འགྲོལ་བཏང་བ་མ་ཟད་ད་ཆའི་འཚོ་བ་ཡག་པོ་འདི་ལྟ་བུ་སྐྱེལ་རྒྱུ་ཡོད་པས་ཏང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་མྱོང་ཚོར་ཆེན་པོས་བཤད།
         དེའི་སྐབས་གམ་དུ་བསྡད་པའི་ཁྱིམ་མཚེས་ཉི་མ་ཚེ་རིང་གིས“ལོ་དེ་དག་རིང་ང་ཚོ་དར་དམར་གྲོང་ཚོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དེ་དག་ཚང་མ་ལྷ་ས་གྲོང་ཁྱེར་གྱི་འཕེལ་རྒྱས་དང་བསྟུན་ནས་འཕེལ་རྒྱས་བྱུང་བ་ཞིག་རེད། སྔོན་ཆད་ང་ཚོ་གྲོང་ཁྱེར་གྱི་མཐར་ལུས་པ་དང་ད་ཆ་ཧ་ལམ་ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་དུ་གནས་ཡོད། དེ་དག་ཚང་མ་ཏང་གིས་འགོ་ཁྲིད་གནང་བའི་འོག་མངོན་འགྱུར་བྱུང་བ་ཞིག་རེད”ཅེས་སྐད་ཆའི་བར་ལ་འཚང་ནས་བཤད། དར་དམར་གྲོང་ཚོ་ནི་སྔོན་ཆད་སྐད་གྲགས་ཆོད་པའི་གྲོང་ཚོ་དབུལ་པོ་ཞིག་རེད། གྲོང་ཚོ་བཙོག་ལ་ཟང་ཟིང་ཆེ་བ་དང་ཁང་པ་རྙིང་ཧྲུལ་ཡིན་པ་མ་ཟད། ས་ལམ་གཅིག་ཡོད་པ་དེ་ནམ་མཁའ་དྭངས་སྐབས་རླངས་འཁོར་བསྐྱོད་ཚེ་ཐལ་རྡུལ་འཚུབ་པ་དང་ཆར་པ་འབབ་སྐབས་གང་སར་ཆུས་ཁེངས་ཀྱི་ཡོད། ད་ཆ་རྒྱང་རིང་ནས་བལྟས་ཚེ་སྣུམ་ནག་ལམ་འཕྲེད་གཞུང་སྣོལ་མར་བསྐྲུན་པ་དང་། མེ་ཏོག་དང་རྩྭ་རྩི་ཤིང་སྔོ་ཐིང་ངེར་སྐྱེས་པ། བོད་བཟོའི་ཉམས་འགྱུར་ལྡན་པའི་ཐོག་ཁང་གསར་པ་རིམ་པ་བསྟར་ཆགས་ངང་བསྐྲུན་པ་མཐོང་ཐུབ།
         དར་དམར་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་དཀར་གྱིས“2016ལོར་ང་ཚོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ཁེ་གཙང་སྒོར་ཁྲི་2000ལྷག་ཙམ་ཟིན་པ་དང་། འདི་ལོ་སྔོན་དཔག་བྱས་ན་སྒོར་ཁྲི་3000ཟིན་བཟོ་ཡོད་པས་མི་རེར་ཆ་སྙོམས་ཁེ་སྤོགས་སྒོར་6000ནས་8000བར་ཟིན་རྒྱུ་ཡིན་པ་དང་། ལོར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.66ལྷག་ཙམ་ཟིན་ནས་ལོ་ལྔ་གོང་དང་བསྡུར་ན་ལྡབ་གཅིག་ཏག་ཏག་འཕར་བ་དང་། གྲོང་ཚོ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་26དང་སྤྱིར་བཏང་གི་དུད་ཚང་དབུལ་པོ་24ཡོད་པ་ཚང་མ་དབུལ་སྒྲོལ་ཐུབ་ཡོད”ཅེས་བཤད།
         ཁོང་གིས“ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་མཛུབ་ཁྲིད་འོག ང་ཚོས་དར་དམར་གྲོང་ཚོའི་གྲོང་མིར་དེ་བས་ཡག་པའི་རྒྱུགས་ལན་ཞིག་འབུལ་ཐུབ་པའི་ཡིད་ཆེས་ཡོད”ཅེས་བཤད། ཚོགས་འདུ་གྲོལ་རྗེས་ལོ་66ལ་སླེབས་པའི་ཏང་ཡོན་རྒན་གྲས་འཆི་མེད་དབང་འདུས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་པའི་སྒོ་ནས་གསར་འགོད་པར་སྤྱི་ཁྱབ་ཧྲུའུ་ཅིའི་སྙན་སྒྲོན་ངས་རྦད་དེ་གོ་ཐུབ་ཀྱི་མི་འདུག་ཀྱང་། ཀྲུང་གོ་གུང་ཁྲན་ཏང་ལ་ང་ཡིད་ཆེས་ཡོད་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡིད་ཆེས་ཡོད་པ་མ་ཟད། འབྱུང་འགྱུར་ལ་དེ་བས་ཡིད་ཆེས་ཆེན་པོ་ཡོད་ཅེས་བཤད།