མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་21ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཚེས་18ཉིན་པེ་ཅིང་དུ་འཚོགས་ཤིང་། རྒྱལ་སྤྱིའི་མི་སྣའི་མིག་ལམ་ནང་དེ་ནི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད།
         དབྱིན་ཇིའི་《དངུལ་རྩའི་སྐབས་བསྟུན་ཚགས་པར་》ཐོག་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི“གོ་ལ་ཧྲིལ་པོའི་དུས་བབ་ལ་འགྱུར་ལྡོག་གཏོང་བའི་དོན་ཆེན”ཞིག་རེད་ཅེས་འཁོད་ཡོད། སིང་ཀ་ཕོར་གྱི་《མཉམ་འབྲེལ་ཞོགས་པའི་ཚགས་པར་》ཐོག་ཚོགས་འདུ་དེས་ས་ཁུལ་དང་དེ་བཞིན་འཛམ་གླིང་དཔལ་འབྱོར་གྱི་འབྱུང་འགྱུར་ཁ་ཕྱོགས་ལ་ཤུགས་རྐྱེན་ཐེབས་རྒྱུ་རེད་ཅེས་འཁོད་ཡོད། ཨ་རིའི་《ཉིའུ་གཡོད་སྐབས་བསྟུན་ཚགས་པར་》གྱིས་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ འཛམ་གླིང་བཅས་ཀྱི་ངོས་ནས་བརྗོད་ན་ཚོགས་ཆེན་བཅུ་དགུ་པར་དོན་སྙིང་གལ་ཆེན་ལྡན་ཡོད་པའི་ངོས་འཛིན་བྱས་ཡོད།
         ཚོགས་འདུ་གཟབ་རྒྱས་དེ་འགག་རྩའི་དུས་སྐབས་སུ་འཚོགས་པ།
         དེང་དུས་འཛམ་གླིང་སྣེ་མང་ཅན་འཕེལ་རྒྱས་གཏིང་ཟབ་ཕྱིན་ནས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་སྡེབ་ལ་དར་འཕེལ་བྱུང་ཡོད། ཀྲུང་གོའང་ཉིན་རེ་ལས་མ་འདས་པར་འཛམ་གླིང་གར་སྟེགས་ཀྱི་ལྟེ་གནས་དང་ཐག་ཇེ་ཉེར་འགྲོ་བ་དང་མིའི་རིགས་ལ་དེ་བས་གོང་འཕེལ་དར་རྒྱས་བརྩོན་ལེན་བྱེད་པའི་གོ་སྐབས་སྔར་བྱུང་མྱོང་མེད་པ་འཕྲད་ཡོད།
         འགག་རྩའི་དུས་སྐབས་འདིར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་གསུང་སྒྲ་ཉན་འདོད་ཆེན་པོ་བྱེད་པ་མ་ཟད། ཀྲུང་གོའི་བློ་གྲོས་ཀྱང་བསྡུ་ལེན་བྱེད་འདོད་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་པ་འདི་ཉིད་འཛམ་གླིང་གིས་ཀྲུང་གོ་ཤེས་རྟོགས་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཏུ་གྱུར་ཡོད།
         ཨོ་སི་ཁྲུ་ལི་ཡའི་《ཤིས་ཉིང་སྔོན་བྱོན་ཞོགས་པའི་ཚགས་པར་》ཐོག་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་པས་ཀྲུང་གོའི་འབྱུང་འགྱུར་ལོ་ལྔ་ལ་དམིགས་ནས་བཟོས་པའི་སྲིད་ཇུས་གལ་ཆེན་དེས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་རྒྱུ་རེད་ཅེས་འཁོད་ཡོད།
         《སུའུ་ཝེ་ཨེད་བྷེ་ཨུ་རུ་སུའི་ཚགས་པར་》གྱི་བསླབ་རྒན་རྒྱལ་སྤྱིའི་རྩོམ་སྒྲིག་པ་ཉི་ནཱ·ལོ་མན་ནོ་ཝ་ཡིས་ཀྲུང་གོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་རིགས་པའི་གཞུང་ལུགས་གསར་པ་དང་ལག་ལེན་གསར་པར་འཛམ་གླིང་ཧྲིལ་པོའི་ངོས་ནས་བརྗོད་ན་ཡིད་དབང་འགུག་ཤུགས་ཆེན་པོ་ལྡན་པའི་ངོས་འཛིན་བྱས་ཡོད།
          ཀྲུང་གོ་རང་ངོས་ནས་བརྗོད་ན། ཚོགས་ཆེན་བཅུ་དགུ་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པ་ཞིག་ཡིན། རྒྱལ་སྤྱིའི་མི་སྣ་མང་པོས་ཀྱང་དེ་ལྟར་ངོས་འཛིན་བྱེད་ཀྱི་ཡོད།
         ཚོགས་འདུ་གཟབ་རྒྱས་ལས་ཀྲུང་གོའི་འབྱུང་འགྱུར་ལ་འཆར་གཞི་བཀོད་པ།
         ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཙམ་སོང་རྗེས་ཀྲུང་གོས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་རྣམ་པ་ཅི་འདྲ་ཞིག་གི་ཐོག་ནས་སླར་ཡང་འོད་སྟོང་དང་ཕུགས་འདུན་མངོན་འགྱུར་བྱ་རྩིས་ཡོད་པ་དེར་འཛམ་གླིང་གིས་དོ་ཁུར་བྱེད་བཞིན་ཡོད།
         སྨྱན་སྦྱོར་མང་པོས་ཀྲུང་གོ་གུང་ཁྲན་ཏང་གི་འཐུས་མི་ཚོགས་ཆེན་ཐོག་རྒྱལ་ཁབ་བཅོས་སྐྱོང་ཐད་སྤྱོད་རྒྱུའི་གཞི་རྩའི་སྲིད་ཇུས་ལ་གཙོ་གནད་ཐོག་གྲོས་བསྡུར་དང་གཏན་འཁེལ་བྱ་རྒྱུ་རེད་ཅེས་བཤད་ཡོད།
         ཤང་ཀང་གི་《ནན་ཧྭ་ཞོགས་པའི་ཚགས་པར་》གྱི་རྩོམ་ཡིག་ནང་ལྟ་ཞིབ་མཁས་ཅན་ཚོས་ཚོགས་འདུ་དེའི་ཐོག་གཏན་འཁེལ་བྱ་རྒྱུ་ཡིན་པའི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པའི་མ་འོངས་པའི་ལོ་ཁ་ཤས་རིང་གི་འཕེལ་བགྲོད་དང་། ལྷག་པར་དུ་སྲིད་ཇུས་ཀྱི་ཁ་ཕྱོགས་དང་དཔལ་འབྱོར་དང་། ཆབ་སྲིད་ལམ་ལུགས། སྣོད་བཅུད་ཁོར་ཡུག ཀྲུང་གོ་གུང་ཁྲན་ཏང་གི་རང་ངོས་འཕེལ་རྒྱས་སོགས་ཚུད་པའི་ཁྱབ་ཁོངས་ལ་ལྟ་ཞིབ་ནན་ཏན་བྱེད་བཞིན་ཡོད་ཅེས་འཁོད་ཡོད།
         ཐ་སི་གསར་འགྱུར་ཁང་པེ་ཅིང་ཡན་ལག་ཁང་གི་ཧྲེ་ཀྲང་ཨན་ཏེ་ལེ·ཅི་ལི་ལོ་ཕུའུ་ཡིས་ཨུ་རུ་སུའི་《མེ་སྟག་》གཟའ་འཁོར་དུས་དེབ་ཐོག་རྩོམ་ཡིག་སྤེལ་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་པས“ཇི་ལྟར་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་འདྲི་བར་ལན་ཞིབ་ཕྲ་ཞིག་འདེབས་རྒྱུ་རེད”ཅེས་བཤད་ཡོད།
         ཚོགས་འདུ་གཟབ་རྒྱས་ཀྱིས་འཛམ་གླིང་གི་འཕེལ་ཕྱོགས་ལ་ཤུགས་རྐྱེན་ཐེབས་པ།
         འཛམ་གླིང་གླེང་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་པས་འཛམ་གླིང་གི་ཆབ་སྲིད་དང་། དཔལ་འབྱོར། བདེ་འཇགས་དུས་བབ་བཅས་ཀྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པ་དང་ཀྲུང་གོས་འཛམ་གླིང་ལ་མུ་མཐུད་དྲང་ནུས་ལེགས་སྐྱེས་ཕུལ་ནས་འཛམ་གླིང་འདི་ཉིད་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རེ་སྒུག་བྱེད་བཞིན་ཡོད་པའི་ངོས་འཛིན་རྒྱ་ཁྱབ་བྱེད་ཀྱི་ཡོད།
         ཨེ་ཅིབ་ཀྱི“ཨ་རབ་ཨེ་ཅིབ་དྲ་བའི”སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་ཏེའར·ས་པོ་ལིས་དབུས་ཤར་ས་ཁུལ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་ཟུར་ཚད་ནས་ཀྲུང་གོའི་མ་འོངས་པའི་ཕྱི་འབྲེལ་སྲིད་ཇུས་ནང་དབུས་ཤར་ས་ཁུལ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ཆབ་སྲིད་མཉམ་ལས་དེ་བས་གཙོ་གནད་དུ་འཇོག་རྒྱུའི་རེ་བ་བྱེད་ཀྱི་ཡོད།
         དབྱི་སི་རལ་གྱི་དབྱི་ཀྲུང་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་གཏོད་པ་དང་ཀྲུའུ་རེན་གཅིག་ལྕོགས་ཡིན་པའི་ཧྥེ་ཙེ་ནན་གྱིས་དབྱི་སི་རལ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་གིས་ཀྲུང་གོའི་དཔལ་འབྱོར་སྔར་བས་འཕེལ་རྒྱས་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོའི་བརྟན་ལྷིང་དང་དར་རྒྱས་ཀྱིས་འཛམ་གླིང་ཡོངས་ལ་ཕན་པ་ཐོབ་རྒྱུ་རེད་ཅེས་བཤད་པ་རེད།
         ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་ནས་རྒྱལ་སྤྱིའི་སྒྲིག་ལམ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དེ་སྔར་བས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་བཏོན་ནས་རྒྱལ་ཁབ་གཞན་དག་དང་མི་དམངས་གཞན་དག་འཕེལ་རྒྱས་གཏོང་ཆེད་དཔྱད་གཞིར་འཛིན་ཆོག་པའི་བསམ་བློའི་ཐོན་ཁུངས་མཁོ་འདོན་བྱས་ཡོད། “རྒྱུད་གཅིག་ལམ་གཅིག”དང་། “མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ”“མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད”བཅས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ནང་ཚུད་ནས་རྒྱ་ཁྱབ་ཀྱི་ངོས་འཛིན་གཅིག་མཐུན་ཐོབ་ཡོད།