མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུན་ནན་ཧུའེ་རྩེའི་ཐེན་པ་ཤང་གི་གྲོང་གསེབ་གསར་པའི་འཕོ་འགྱུར།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་21ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། “དེ་སྔ་ང་ཚོའི་ཤང་གི་ལམ་འདམ་རྫབ་ཀྱིས་ཁེངས་པས་ཆུ་ལྷམ་གྱོན་ཡང་འགྲོ་ཁག་པོ་ཡོད། ཁྱེད་རང་གཟིགས་དང་། ད་ཆ་འགྱུར་ལྡོག་གང་འདྲ་ཕྱིན་མི་འདུག་གམ”ཞེས་ཡུན་ནན་ཞིང་ཆེན་ཧུའེ་ཙེ་རྫོང་ཅིན་ཀྲུང་ཁྲོམ་གཞུང་ཡུས་ཏུང་སྡེ་ཁུལ་གྱི་ཏང་གི་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཐའོ་ཧྲུའུ་ཞང་གིས་སེམས་འགུལ་ཐེབས་བཞིན་དུ་བཤད།
         ཟླ་10ཚེས་17ཉིན། ཡུས་ཏུང་སྡེ་ཁུལ་དུ་ཆར་པ་སིམ་སིམ་བབས་ཤིང་། ཐའོ་ཧྲུའུ་ཞང་གིས་ཁ་པར་ནས་སང་ཉིན་གྱི་ལས་ཀ་བཀོད་སྒྲིག་བྱེད་ཀྱིན་གསར་འགོད་པ་ཁྲིད་དེ་སྡེ་ཁུལ་དུ་སྐོར་བ་བརྒྱབ། བྲེལ་འཚུབ་ཀྱི་སྟངས་སྟབས་ལས་དགའ་སྤྲོའི་བསམ་པ་མཚོན་པ་དང་སྨྲ་ལྕེ་བདེ་བའི་སྐད་ཆ་སྤོབས་པས་ཁེངས་བཞིན་མཆིས།
         ཧུའེ་ཙེ་རྫོང་གྲོང་དང་བར་ཐག་སྤྱི་ལེ་4ཡོད་པའི་ཡུས་ཏུང་སྡེ་ཁུལ་ནི་ལོ་གསུམ་གོང་གྲོང་ཁྱེར་གྱི་མཐའ་ཟུར་དུ་ལུས་པའི་གྲོང་ཚོ་ཞིག་ཡིན་པ་དང་གྲོང་མི་མང་ཆེ་བ་གཙོ་བོ་གྲོང་ཁྱེར་དུ་གླ་པ་རྒྱུག་པ་དང་། ཚོང་རྒྱག་པ། སྔོ་ཚལ་འདེབས་པ་སོགས་བྱེད་པར་འགྲོ་གི་ཡོད། ང་ཚོའི་གྲོང་ཚོ་ནི་སྐད་གྲགས་ཆོད་པའི་གྲོང་ཚོ་དབུལ་པོ་ཞིག་རེད། ལོ་དེ་དག་རིང་དབུལ་སྒྲོལ་འགག་སྒྲོལ་ལས་གྲོང་ཚོའི་ལམ་ཚང་མ་ཨར་འདམ་ལམ་དུ་གྱུར་ཏེ་དེ་སྔའི་རྗེས་ལུས་ཀྱི་རྣམ་པ་གཏན་ནས་མཐོང་རྒྱུ་མེད། ད་ཆ་གྲོང་མི་མང་ཆེ་བ་ཐོག་སོ་ཉིས་ལྡན་དང་གསུམ་ལྡན་གྱི་ཁང་པར་སྤོས་པ་དང་སྒོ་ར་བསྣན་ན་གྲོང་གསེབ་ཀྱི་སྤྲོ་ཁང་ལྟ་བུར་སྣང་། གྲོང་ཚོར་སློབ་གྲྭ་དང་། བྱེད་སྒོ་སྤེལ་ཡུལ། ལམ་སྒྲོན། ལུས་སྦྱོང་ཡོ་ཆས་སོགས་ཚང་མ་ཡོད།
         “ཀྲུང་དབྱང་དང་ཞིང་ཆེན། གྲོང་ཁྱེར། རྫོང་བཅས་ཀྱི་འགོ་ཁྲིད་འོག ང་ཚོས་ཉེན་ཡོད་སྡོད་ཁང་ལ་སྒྱུར་བཀོད་དང་། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན། ཐོན་ལས་རོགས་སྐྱོར་བཅས་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་བྱུང” ཐའོ་ཧྲུའུ་ཞང་གིས་གསར་འགོད་པར་གྲངས་གཞི་ཞིག་བསྟན་པ་སྟེ། 2014ལོར་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཐོག་མར་སྤེལ་སྐབས། གྲོང་ཚོ་ཡོངས་ལ་ཁྱོན་དུད་ཚང་དབུལ་པོ་627གྱི་མི་2049ཡོད་པ་དང་ད་ཆ་དུད་ཚང་101གི་མི་289ལས་མེད། སྔོན་མ་གྲོང་མིའི་སྡོད་ཁང་ཧ་ལམ་གོག་ཧྲུལ་གྱི་སོ་ཕག་ཁང་པ་ཡིན་པ་དང་ད་ཆ་གྲོང་མི་95%ཚང་མ་ཐོག་ཁང་དུ་སྡོད་ཀྱི་ཡོད་ལ་གྲོང་ཚོར་མུའུ་600ཡི་སྔོ་ཚལ་རྟེན་གཞི་དང་མུའུ་300ཡི་རྒུན་འབྲུམ་རྟེན་གཞི་ཡོད། ད་དུང་ལོ་60ཡན་གྱི་རྒན་རྒོན་གྱི་མཉམ་ལས་སྨན་བཅོས་གྲོན་དངུལ་སྐྱེལ་དགོས་མེད་པ་དང་རྩིས་ཞུའི་བསྡུར་ཚད་ཀྱང་75%ཡན་རེད།
         ལོ་65ལ་སླེབས་པའི་ཏང་ཡོན་རྒན་གྲས་ཝང་ཝུན་རུའེ་ཡིས་རང་ཁྱིམ་གྱི་ཐོག་སོ་གཉིས་པའི་ཧྲ་ཧྥ་ཐོག་བསྡད་དེ་ཚོར་སྣང་ཟབ་མོས“དེ་སྔའི་ཁང་པ་གོག་ཧྲུལ་ཡིན་པ་མ་ཟད། ལྟོ་ཡང་རྒྱགས་ཚད་བཟའ་རྒྱུ་མེད། ད་ཆ་ཡོང་འབབ་ཡག་པོ་ཡོད་པས་གང་ཟ་འདོད་རུང་འཛེམ་ཟོན་བྱེད་དགོས་མེད། རེ་བ་ཆེ་ཤོས་ནི་ང་གཉིས་ཁྱོ་ཤུག་གཉིས་ཀྱི་གཟུགས་པོ་ཐང་པོ་དང་ཕྲུ་གུ་གཉིས་ཀྱི་འཚོ་བ་སྐྱིད་པོ་ཡོང་རྒྱུ་དེ་ཡིན”ཞེས་བཤད།
          ལོ་དེ་དག་རིང་གྲོང་ཚོའི་འཕོ་འགྱུར་ལ་མིག་མཐོང་ལག་ཟིན་བྱུང་བའི་ཐའོ་ཧྲུའུ་ཞང་ལ་ཚོར་སྣང་ཟབ་མོ་ཡོད། “ཚང་མའི་འཚོ་བ་ལེགས་སུ་ཕྱིན་ཚེ་ང་ཚོའི་ལས་དོན་ཡང་སྒྲུབ་བདེ་རུ་ཕྱིན་ནས་འཕེལ་རྒྱས་གཅིག་པུ་དོན་གཉེར་བྱ་ཆོག གོམ་སྟབས་རྗེས་མར་ང་ཚོས་སྔོ་ཚལ་རྟེན་གཞི་ཡག་པོ་བསྐྲུན་ནས་གྲོང་ཚོ་ཡོངས་ཀྱི་མི་6424ཡི་སྣེ་ཁྲིད་དེ་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་བྱ་རྒྱུ་ཡིན”ཞེས་བཤད།
         “ངའི་འདུན་པ་ཆེ་ཤོས་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་རྒྱུན་མཐུད་དང་། ང་ཚོ་མི་སེར་གྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བ། ང་ཚོའི་གྲོང་ཚོའི་རྣམ་པ་དེ་བས་ལེགས་སུ་ཕྱིན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སུ་འགྱུར་རྒྱུ་དེ་ཡིན”ཞེས་ཐའོ་ཧྲུའུ་ཞང་གིས་བཤད།