མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བོད་ལྗོངས་ཀྱི་དད་ལྡན་མང་ཚོགས་ཀྱིས་མཉམ་དུ་འགོ་ཚུགས་མཛད་སྒོའི་ཐད་གཏོང་ལ་བལྟས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་21ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་18ཉིན་གྱི་ཞོགས་པར། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཆེ་ཤོས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ནུབ་འདབས་ཀྱི་འབྲས་སྤུངས་དགོན་པར་དགེ་འདུན་པ་150ལྷག་ཙམ་གྱིས་སྔ་པོ་ནས་དགོན་པའི་འདུ་ཁང་དུ་བསྐྱོད་དེ་མཉམ་དུ་ཚོགས་ཆེན་བཅུ་དགུ་པའི་འགོ་ཚུགས་མཛད་སྒོའི་ཐད་གཏོང་ལ་བལྟས་ནས་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་གནང་བའི་《ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་བཅད་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་དགོས་》ཞེས་པའི་སྙན་ཞུ་ནན་ཏན་ངང་ཉན་པ་རེད།
          འབྲས་སྤུངས་དགོན་གྱི་དགེ་འདུན་པ་དགོན་སྡེ་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ངག་དབང་ཆོས་འཛིན་གྱིས་བཤད་དོན། ཆོས་ལུགས་ལས་དོན་དང་མི་རིགས་མཐུན་སྒྲིལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་ཚང་མའི་སེམས་ལ་གཏིང་ཟབ་ཟུག་པ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཚོས་བརྩི་བཀུར་མཐའ་གཅིག་ཏུ་ཞུ་ཡི་ཡོད། ཉེ་བའི་ལོ་ཤས་རིང་། ཏང་གི་ཆོས་ལུགས་སྲིད་ཇུས་བོད་དུ་དོན་འཁྱོལ་ཧ་ཅང་ཡག་པོ་བྱུང་སྟེ་བསྟན་དོན་ལམ་ལྷོངས་དང་མཐུན་སྒྲིལ་བརྟན་ལྷིང་བྱུང་ཡོད་པ་དང་ལྷག་པར་དུ་དགོན་སྡེ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས་མང་པོ་བཏོན་པས། དགེ་འདུན་པ་ཚོས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཏན་ཏིག་བྱེད་ཀྱི་ཡོད། ད་ཆ་འབྲས་སྤུངས་དགོན་གྱི་དགེ་འདུན་པ་མི་རེ་ངོ་རེས་ལོ་ལྟར་སྨན་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་ཐེངས་རེ་བྱ་ཆོག་པ་མ་ཟད། རྒན་གསོ་འགན་བཅོལ་དང་སྨན་བཅོས་འགན་བཅོལ་ཡང་དགོན་སྡེར་ཁྱབ་གདལ་བཏང་ཡོད། ད་དུང་རྒྱལ་ཁབ་ཀྱིས་སྒོར་དུང་ཕྱུར་གཉིས་ཙམ་བཏང་ནས་དགོན་སྡེ་དང་རིག་དངོས་ལ་སྲུང་སྐྱོབ་དང་ཉམས་གསོ་བྱས་ཡོད། དགོན་སྡོད་ལས་བྱེད་པ་ཡོངས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ། དྲིལ་བསྒྲགས་བཅས་ཡག་པོ་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་རེད།