མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།འཚོ་བ་ལི་མངར་བཞིན་དུ་བྲོ་བ་ལྡན།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་21ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        —— ས་གནས་ཁག་གི་མང་ཚོགས་ཀྱིས་ཡི་གེ་སྤྲིངས་པ་དང་གློག་འཕྲིན་གཏོང་ བའི་རྣམ་པའི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་རེ་བ་ཆེན་པོ་བྱེད་པ།
          འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཚུང་གིས། 
         སྤྱི་ཟླ་10པའི་ནང་འཚོགས་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་ཅིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མགོ་འཕང་མཐོན་པོས་བསྐྱོད་དེ་འཛམ་གླིང་ཡོངས་ཧ་ལས་པའི“ཀྲུང་གོའི་གཏམ་རྒྱུད”མང་དག་བརྩམས་ཡོད། ལོ་ལྔ་འདིའི་རིང་ཀྲུང་གོའི་མི་སེར་ལ་བདེ་སྐྱིད་ཚོར་སེམས་ཆེན་པོ་བྱུང་ཞིང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་མ་འཚོག་གོང་བྱང་ཤར་ས་ཁུལ་ནས་ཧའེ་ནན་མཚོ་རྒྱུད་བར་དང་། རྦ་རླབས་ལང་ལོང་དུ་འཕྱུར་བའི་རྒྱ་མཚོའི་གྲོང་ཁྱེར་ནས་ནོར་ལུག་ཅི་དགར་རོལ་བའི་གངས་ལྗོངས་ས་མཐོའི་བར་ས་གནས་ཁག་གི་མང་ཚོགས་ཀྱིས་ཡི་གེ་བསྐུར་བ་དང་གློག་འཕྲིན་གཏོང་བའི་རྣམ་པའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བསྔགས་བརྗོད་བྱས་ཏེ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རེ་སྨོན་བྱེད་ལུགས་མཚོན་པར་བྱེད་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པས་ཀྲུང་གོར་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུའི་རེ་སྒུག་བྱེད་བཞིན་མཆིས།
       དེ་བས་བརྟན་པའི་ལས་ཀ་དང་། དེ་བས་བློ་ཡིད་ཚིམ་པའི་ཡོང་འབབ། དེ་བས་སྐྱིད་སྣང་དོད་པའི་སྡོད་གནས་ཆ་རྐྱེན། དེ་བས་ཆུ་ཚད་མཐོ་བའི་སློབ་གསོ་དང་སྨན་བཅོས་ཀྱི་ཞབས་ཞུ་སོགས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་བརྒྱུད་རིམ་ནང་གཅིག་སྡུད་ཐོག་མང་པོ་བཏོན་པའི་དམངས་ཕན་དམངས་བདེའི་བྱ་ཐབས་རབ་དང་རིམ་པས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། ནང་སོག་རང་སྐྱོང་ལྗོངས་ཀྱི་གྲོང་མི་ཀུའོ་ཡུང་ཚའེ་དང་ཕེང་ཤིའུ་ཧྭ་ཁྱོ་ཤུག་གཉིས་ཀྱིས་ཡི་གེ་བསྐུར་ནས་བརྗོད་དོན། དུས་རབས་གོང་མའི་ལོ་རབས་60པའི་ལོ་འགོར་ཁོང་ཚོ་ནང་སོག་ཏུ་ཡོང་ནས་ཤིང་གཅོད་བཟོ་པ་བྱས་ཏེ་ས་ཕག་ཁང་པའི་ནང་ལོ་བཅུ་ཕྲག་བསྡད་ཡོད་ལ་ལོ་ལྟར་དགུན་ཁ་འཆར་རིམ་བཞིན་ད་དུང་ཟླ་བ་ཁ་ཤས་འཁྱགས་ནས་སྡོད་དགོས་ཀྱི་ཡོད། འདི་ལོའི་ལོ་འགོར་ཁོང་ཚོ་མཐར་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་བཀོད་སྒྲིག་གི་ཐོག་སོ་གསར་པའི་ནང་སྤོས་ཡོད། ནང་མི་ཚང་མ་གློག་སྒྲོན་གསལ་བ་དང་དྲོ་སོབ་སོབ་ཀྱི་སྡོད་ཁང་གསར་པའི་ནང་སྡོད་རྒྱུ་བྱུང་བས་སེམས་ནང་མི་སེར་སྡོད་ཁང་ཡག་པོ་དེ་འདྲའི་ནང་སྡོད་རྒྱུ་བྱུང་བ་ནི་གུང་ཁྲན་ཏང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་དྲིན་ལས་བྱུང་བ་ཞིག་ཡིན་པའི་མྱོང་ཚོར་རང་ཤུགས་སུ་སྐྱེས་བྱུང་།
        ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི་ལམ་བུའི་ཐོག་དབུལ་སྒྲོལ་འགག་སྒྲོལ་ལ་བརྟེན་ནས་མང་ཚོགས་གཅིག་ཀྱང་རྗེས་སུ་མི་ལུས་པ་བྱེད་དགོས། ནན་ཅིང་སློབ་ཆེན་གྱི་སློབ་མ་ལུའུ་ཕུའུ་ཀྲིས་རང་ཉིད་མཐའ་མཚམས་རྫོང་དབུལ་པོ་ཡུན་ནན་ཕུའུ་ཉིང་ཡའོ་རིགས་ཧྲན་ཡའོ་ཁུལ་ནས་ཡིན་པའི་དངོས་གཞིའི་ཚན་ཁག་གི་སློབ་གྲྭ་ཆེ་མོ་བ་དང་པོ་ཡིན་པའི་ཆ་ནས་ང་རང་འཚར་ལོངས་བྱུང་བའི་བརྒྱུད་རིམ་ནང་ཀྲུང་དབྱང་གི་དབུལ་སྐྱོར་སྲིད་ཇུས་ཀྱིས་ཧྲན་ཡའོ་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་འགྲོ་ལུགས་མྱོང་ཚོར་གཏིང་ཟབ་ཐུབ་བྱུང་། ཕ་ཡུལ་གྱི་མི་དམངས་རྣམས་གནད་སྨིན་དབུལ་སྐྱོར་གྱི་ཕན་འབྲས་ཐོབ་མཁན་ཞིག་ཡིན་པའི་ཆ་ནས་ཏང་ཀྲུང་དབྱང་ལ་དྲིན་གཟོའི་བསམ་པ་བཅངས་ཡོད་ཅེས་བརྗོད། ཧོ་ནན་ཞིང་ཆེན་གྱི་གྲོང་མི་ཀྲང་ཤན་ཧྲུའུ་ཡིས་ཡི་གེ་སྤྲིངས་ནས་བརྗོད་དོན། ལོ་ཁ་ཤས་གོང་ཁོང་ཁྱིམ་གྱིས་སྲིད་ཇུས་ཀྱི་འདེགས་སྐྱོར་ལ་བརྟེན་ནས་ལི་མངར་འདེབས་པ་དང་འབྲེལ་གྲོང་ཚོའི་ཞིང་ལས་མཉམ་ལས་ཁང་ནང་ཞུགས་པས་ལག་རྩལ་གྱི་ཟུར་ཁྲིད་དང་ཕྱིར་ཚོང་ཐད་རོགས་རམ་མི་ཉུང་བ་ཐོབ་སྟེ་ན་ནིང་ཡོང་འབབ་ཁེ་གཙང་སྒོར་ཁྲི་10ལྷག་ཙམ་ཟིན་ཡོད། ད་ཆ་ཁྱིམ་གྱི་ཟས་གོས་ལ་སེམས་ཁྲལ་བྱེད་མི་དགོས་ལ་ད་དུང་སྡོད་ཁང་གསར་པ་བསྐྲུན་པ་དང་རླངས་འཁོར་གསར་པ་ཉོས་ཤིང་ལོ་ལྟར་ཉུང་མཐར་ཡང་ཡུལ་སྐོར་དུ་ཐེངས་གཅིག་སྐྱོད་ཀྱི་ཡོད་པས་ལི་མངར་བཞིན་དུ་འཚོ་བ་སྐྱིད་པོ་སྐྱེལ་རྒྱུ་བྱུང་ཡོད།
        སེམས་ཐག་རྦད་བཅད་ཀྱིས་ར་བ་བཤིག་པ་དང་། གཅོང་ནད་བཅོས་པ། སྒྲིག་སྲོལ་བཟོ་བ། དར་སྲོལ་ལེགས་སུ་གཏོང་བ་བཅས་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་བས་ཏང་སེམས་དང་དམངས་སེམས་གཏད་ཕྱོགས་དང་མཐུན་ཡོད་ལ་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ལེའུ་གསར་པའང་བརྩམས་ཡོད། ཧྲང་ཧའེ་གྲོང་ཁྱེར་གྱི་གྲོང་མི་ཏིང་ཤང་ཡུང་དང་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཀྱི་ཀེན་ཅུན་སོགས་ཀྱིས་ཡི་གེ་སྤྲིངས་ནས་བརྗོད་དོན། “གཏན་འབེབས་དོན་ཚན་བརྒྱད”ཀྱི་དོན་ཚན་དེ་དག་བལྟས་ན་སྤྱིར་བཏང་ཞིག་ཡོད་མོད། འོན་ཀྱང་དམིགས་ས་ཚང་མ་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་གླེང་མང་ཤོས་ཀྱི་གནད་དོན་ཡིན་པས་མི་སེར་གྱི་སྙིང་དབུས་ནས་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་ཡོད། ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་ཀྱིས་རང་དཔེ་གཞན་སྟོན་དང་གོང་གིས་འོག་སྣེ་ཁྲིད་དེ་ཏང་ཡོངས་ལ་ཚད་གཞི་བཏོད་ཡོད། གཏན་འབེབས་དོན་ཚན་བརྒྱད་བཏོན་ནས་ལོ་ཁ་ཤས་སོང་རྗེས་ཏང་ཡོན་ལས་བྱེད་པས་ཟ་འཐུང་རྒྱས་སྤྲོས་བྱེད་པ་སྤྱིར་ན་མེད་པར་གྱུར་བ་དང་། གཞུང་དངུལ་བག་མེད་སྟོར་བརླག་གཏོང་བའི་སྣང་ཚུལ་བཀག་འགོག་ནུས་ལྡན་ཐུབ་ནས་མང་ཚོགས་ཚོས“གུང་ཁྲན་ཏང་གི་སྤྱོད་ཚུལ་བཟང་པོ་སླར་ཡང་དར་སྤེལ་ཐུབ་སོང”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད། པེ་ཅིང་གྲོང་ཁྱེར་གྱི་གྲོང་མི་ཀྲོའུ་ཕུང་དབྱི་དང་ཝང་ཧུང་དབྱང་སོགས་ཀྱིས་ཡི་གེ་སྤྲིངས་ནས་བརྗོད་དོན། ཉེ་ལམ་ལོ་ཤས་རིང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རུལ་སུངས་ཡོད་ཕྱིན་ངེས་པར་དུ་ངོ་རྒོལ་བྱེད་པ་དང་རྒྱུ་ནོར་ལྐོག་ཟ་བྱེད་མཁན་ཡོད་ཕྱིན་ཞིབ་བཤེར་ཐག་གཅོད་ནན་པོ་ཐུབ་ནས“སྟག་སྦྲང་མཉམ་རྡུང”གི་བྱ་སྤྱོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་ཕྱིར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བས་སྤྱི་ཚོགས་ལས་རིགས་ཁག་གི་བསྔགས་བརྗོད་ཐོབ་པ་དང་རྒྱ་ཆེའི་མང་ཚོགས་ཚོས“རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་མུ་མཐུད་རྒྱུན་ཆད་མེད་པར་སྤེལ་རྒྱུའི་རེ་བ་དངོས་འབྲེལ་བྱེད་བཞིན་ཡོད”ཅེས་བརྗོད།
         ལོ་ལྔའི་རིང་ཐོབ་པའི་གྲུབ་འབྲས་ཆེན་པོའི་མདུན་དུ་ས་གནས་ཁག་གི་མང་ཚོགས་ཀྱིས་དེ་བས་སྤྲོ་སེམས་རབ་ཏུ་འཕེལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུར་བསུ་བ་ཞུ་བཞིན་ཡོད། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ནན་ཏེན་རྫོང་གི་གྲོང་མི་ཀྲའོ་ཞོལ་ཁའེ་ཡིས་ཏང་གིས་ང་ཚོར་འཐུང་ཆུ་འདྲེན་པ་དང་། ཨར་འདམ་གཞུང་ལམ་བཟོས་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། “ཀྲོང་རིགས་ཀྱི་བུ་ཕྲུག་གིས་ནམ་ཡང་ཏང་གི་རྗེས་སུ་འབྲངས་ནས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་ཀྲུང་གོའི་ཕུགས་འདུན་མཉམ་དུ་འགྲུབ”ཅེས་པའི་ཀྲོང་རིགས་ཀྱི་དར་གོས་བསྐུར་ཡོད། ཀྲེ་ཅང་ཧང་ཀྲོའུ་ཤོག་དྲས་འདྲ་གཟུགས་སྒྱུ་རྩལ་མཁས་ཅན་ལུའུ་ལི་ཆིང་དང་ཝང་ཡུས་ཀྲི་ཁྱོ་ཤུག་གཉིས་ཀྱིས་ཀྱང“ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུ”ཞེས་པའི་ཤོག་དྲས་འདྲ་གཟུགས་ཆེན་པོའི་བརྩམས་ཆོས་ཞིབ་ཚགས་ངང་བཟོས་ནས་རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་དང་རྒྱལ་དར་དམངས་བདེ་ཡོང་བའི་སྨོན་འདུན་ཞུས་པ་རེད།