མི་དམངས་དྲ་བ།>>མཚོ་སྔོན།

༄༅།།འགན་འཁྲིའི་ལས་འགན་བློ་ལ་བརྟན་པོར་ངེས། སྒྱུར་བཅོས་འཕེལ་རྒྱས་དམངས་ལ་ཕན་བདེ་བསྐྲུན།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་21ཉིན། 11:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།འགན་འཁྲིའི་ལས་འགན་བློ་ལ་བརྟན་པོར་ངེས། སྒྱུར་བཅོས་འཕེལ་རྒྱས་དམངས་ལ་ཕན་བདེ་བསྐྲུན།

           མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་19ཉིན་གྱི་སྔ་དྲོར། མི་དམངས་ཚོགས་ཁང་ཆེ་མོའི་མཚོ་སྔོན་ཚོམས་ཆེན་དུ་མཚོ་སྔོན་གྱི་འཐུས་མི་ཚོགས་པས་སྒོ་འབྱེད་ཉིན་མོའི་བྱེད་སྒོ་སྤེལ་ནས་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ཚོགས་འདུར་ཟུར་ཞུགས་དང་འདྲི་བ་འདོན་པར་གདན་དྲངས་པ་རེད།
        “འཐུས་མི་ཚང་མས་ཏང་གི་རྟགས་མ་བཏགས་པ་ད་ཐེངས་གཅིག་པུ་མིན”གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་ཁོངས་མི་ཡོངས་ཀྱི་བྲང་ཁོག་མདུན་དུ་ཏང་གི་རྟགས་མ་བཏགས་ཡོད་པར་དོ་སྣང་ཆེན་པོ་བྱུང་བ་རེད། མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་གོ་ཧྲེང་གིས་གསར་འགོད་པའི་འདྲི་བར“འདི་ལོ་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་འདུའི་ཐོག་ང་ཚོས་འཐུས་མི་ཡོངས་ལ་ཏང་གི་རྟགས་མ་འདོགས་དགོས་པའི་བླང་བྱ་བཏོན་པ་ཡིན། ད་ལྟ་རྟགས་མ་འདོགས་རྒྱུ་དེ་མཚོ་སྔོན་གྱི་ཏང་ཡོན་ཚོའི་རང་འགུལ་གྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད། ཏང་ཡོན་ཞིག་ཡིན་ཕྱིན་ཏང་ཡོན་གྱི་ཁྱད་འཕགས་རང་བཞིན་དང་ལས་འགན་སྒྲུབ་སེམས་ཚོར་བར་བྱེད་དགོས། ཏང་གི་རྟགས་མ་ཆུང་ཡང་དེ་ལས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་མངགས་བཅོལ་ཟབ་མོ་དང་ལྗིད་ཏིག་ཏིག་གི་འགན་འཁྲི་མཚོན་ཐུབ”ཅེས་ལན་བཏབ་བྱུང་།
         འགན་འཁྲི་ཡིན་ལ་དམིགས་ཚད་ཀྱང་རེད། “མཚོ་སྔོན་གྱི་འདས་ཟིན་པའི་འཕེལ་རྒྱས་ནི་སྒྱུར་བཅོས་བྱས་པ་ལས་བྱུང་ཞིང་། སླད་ཕྱིན་གྱི་འཕེལ་རྒྱས་དེ་བས་སྒྱུར་བཅོས་ལ་རྟེན་དགོས། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནི་ང་ཚོས་མུ་མཐུད་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཡིན་པས། སྒྱུར་བཅོས་གཏིང་ཟབ་བྱས་ཚེ་གཞི་ནས་བསྡུར་བའི་ལེགས་ཆ་འདོན་སྤེལ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེར་གཏོང་། འདེགས་གཞི་གསར་པ་གཏོད་པ། འགན་ལེན་གསར་པ་མཁོ་འདོན་བཅས་བྱེད་ཐུབ། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་སྣེ་ཁྲིད་དུ་བྱེད་པ་དང་སྒྱུར་བཅོས་ལས་སྒུལ་ཤུགས་ཐོབ་ཐབས་དང་ཕན་བདེ་ཐོབ་ཐབས་མཐའ་འཁྱོངས་བྱས་ཏེ་ཉེ་བའི་ལོ་གཉིས་རིང་མཚོ་སྔོན་གྱིས་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྣོད་བཅུད་སོགས་ཁྱབ་ཁོངས་ཁག་ལ་སྒྱུར་བཅོས་ཀྱི་ཇུས་གཞི་400ཙམ་བཏོན་པར་ཕྱོགས་མང་པོ་ནས་ཚད་བརྒལ་བྱུང་ཡོད། སྒྱུར་བཅོས་ལ་དུས་ད་ལྟ་བ་ལས་འདས་པ་ཟེར་བ་མེད། ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཕན་ནུས་ལྡན་པའི་སྒྱུར་བཅོས་བྱ་ཐབས་མུ་མཐུད་འདོན་རྒྱུ་དང་ཆོད་སེམས་བརྟན་པོས་སྒྱུར་བཅོས་མཐའ་གཅིག་ཏུ་བྱ་རྒྱུ་ཡིན”ཞེས་ཝང་གོ་ཧྲེང་གིས་བཤད་བྱུང་།
         མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་ཝང་ཅན་ཅུན་གྱིས“སྣོད་བཅུད་ཞིང་ཆེན་གྱི་ངོས་ནས་མཚོ་སྔོན་གྱིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་བླང་བྱ་དོན་འཁྱོལ་བྱས་ཏེ་སྣོད་བཅུད་ཤེས་དཔལ་གྱི་འཐབ་ཇུས་ལྟ་བ་བརྟན་པོར་བཅངས་ནས་སྣོད་བཅུད་བཀོད་ཇུས་ལ་དེ་བས་སྣང་ཆེན་དང་སྲུང་སྐྱོང་སྔོན་ལ་བྱེད་པ་མཐའ་འཁྱོངས་དང་། སྣོད་བཅུད་མ་ལག་བཅོས་སྐྱོང་གི་ལྟ་བ་བརྟན་པོར་བཅངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྣང་ཆེན་དང་སྲུང་སྐྱོང་དང་འཕེལ་རྒྱས་གཉིས་ཁེ་ཡོང་བའི་ལམ་དུ་བསྐྱོད་རྒྱུ། དམངས་འཚོའི་བདེ་རྩའི་ལྟ་བ་བརྟན་པོར་བཅངས་ནས་ལྗང་མདོག་དམངས་ཕན་དང་སྣོད་བཅུད་ཕན་བདེ་མཉམ་སྤྱོད་བྱ་རྒྱུ། རིག་གནས་རྟོགས་ཚོར་གྱི་ལྟ་བ་བརྟན་པོར་བཅངས་ཏེ་ཧུར་བསྲི་གྲོན་ཆུང་དང་ཐཱན་ཉུང་འགྲོ་སྐྱོད་སོགས་ལྗང་མདོག་གི་འཚོ་བའི་དར་སྲོལ་གསར་པས་སྣེ་ཁྲིད་བྱ་རྒྱུ་བཅས་ཡིན”ཞེས་གསུངས་བྱུང་།