མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་དགོངས་པ་གསར་པ་དང་། ཆོད་གཏམ་གསར་པ། བརྗོད་
ཚུལ་གསར་པ། བྱེད་ཐབས་གསར་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་21ཉིན། 11:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          ཤིན་ཧྭ་གསར་འགྱུར་ཁང“ཤིན་ཧྭ་མདོ་གནད”ཀྱི་གསར་འགོད་པ། ལིའུ་ཅང་དང་། ཀྲང་ཤུས་ཏུང་། ཧོང་ཆོན་ཆོན་བཅས་ཀྱིས། 
        ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་འགག་རྩའི་དུས་སྐབས་སུ་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཟླ་10ཚེས་18ཉིན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ་རེད།
        ལོ་རྒྱུས་ཀྱི་ངེས་གནས་གསར་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ།
        ཞི་ཅིན་ཕིང་གིས་གནང་བའི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་དེ་བརྗིད་ཉམས་ལྡན་ལ་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡོད། སྙན་སྒྲོན་ནང་གི་དགོངས་པ་གསར་པ་དང་། ཆོད་གཏམ་གསར་པ། བརྗོད་ཚུལ་གསར་པ། བྱེད་ཐབས་གསར་པ་བཅས་རབ་དང་རིམ་པར་དོ་ཁུར་རྒྱ་ཁྱབ་ཐོབ་ནས་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད།
         སྙན་སྒྲོན་ནང་ཀྲུང་གོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ངེས་གནས་གསར་པ་བཏོན་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་ཞིག་ཡིན། དེ་ནི་བརྡར་ཤ་གལ་ཆེན་གཅོད་པ་ཞིག་རེད།
        དུས་རབས་གསར་པར་སླེབས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོང་རྒྱ་དང་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཙམ་འཁོར་བའི་ལོ་རྒྱུས་བརྒྱུད་རིམ་དང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་5ཡི་ནང་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་གྱི་ངེས་གནས་ཐད་བྱས་པའི་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པ་ཞིག་རེད།
         དུས་རབས་གསར་པ་དེ་ནི་སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད་ཀྱིས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་མུ་མཐུད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་བླངས་པའི་དུས་རབས་ཤིག་རེད། སྙན་སྒྲོན་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལག་ལེན་གསར་པ་དང་གྲུབ་འབྲས་གསར་པར་གཞི་ཚུགས་པ་དང་དུས་རབས་འདིའི་དུས་དཀྱིལ་བར་གྱི་འབད་འཐབ་དམིགས་ཚད་འཆར་འགོད་བྱས་པ་ཞིག་རེད།
         ངེས་གནས་ཀྱིས་མཛད་ཇུས་གཏན་འཁེལ་བྱེད། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་ངེས་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པ་ནི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཡིན་ལ་ཉེ་རབས་ཚུན་གྱི་ཀྲུང་ཧྭ་མི་རིགས་ཀྱི་ཆེས་རླབས་ཆེ་བའི་ཕུགས་འདུན་ཞིག་ཀྱང་རེད། སྙན་སྒྲོན་ནང་དུས་རབས་གསར་པར་སླེབས་རྗེས་རླབས་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པར་ངེས་པར་དུ་རླབས་ཆེའི་འཐབ་རྩོད་བྱེད་པ་དང་། རླབས་ཆེའི་འདུ་འགོད་བསྐྲུན་པ། རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
        རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གསར་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ།
        ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་བཏོན་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཏོན་པ་ནི་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་བཅས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་མར་ཁེ་སི་རིང་ལུགས་ཀྱི་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཤིག་རེད།
         དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལ་ཚད་མཐོའི་སྙིང་བསྡུས་བྱས་པ་ཞིག་དང་ཏང་དང་མི་དམངས་ཀྱི་ལག་ལེན་གྱི་ཉམས་མྱོང་དང་ཐུན་མོང་བློ་གྲོས་ཀྱི་ཉིང་བཅུད་ཅིག་རེད། སྙན་སྒྲོན་ནང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི“ཁ་གསལ་8”དང“མཐའ་འཁྱོངས་ཁག་14”ལས་གྲུབ་པའི་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་མཛད་ཇུས་བཏོན་ནས་དེ་གཉིས་ཕན་ཚུན་གཅིག་གྱུར་བྱུང་བས་ཐུན་མོང་ཐོག་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྒྲོམ་གཞི་གྲུབ་ཡོད།
         དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དང་བསམ་བློའི་མཚོན་ཆ་ཞིག་རེད། སྙན་སྒྲོན་ནང་མི་སེམས་ལ་སྐུལ་མ་ཐེབས་པའི་སྒོ་ནས་དུས་རབས་ཉེར་གཅིག་པའི་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཀྱིས་དེ་བས་སྟོབས་ཆེ་དང་དེ་བས་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པའི་བདེན་དོན་གྱི་སྟོབས་ཤུགས་མངོན་ཐུབ་ངེས་ཡིན་ལུགས་བསྟན་ཡོད།
        སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་གསར་པ། “མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་སྙོམས་མེད་པ་དང་ཆ་ཚང་པོ་མེད་པའི་འཕེལ་རྒྱས་དབར་གྱི་འགལ་བར”འགྱུར་བ།
        འདས་ཟིན་པའི་དུས་ཚོད་རིང་པོ་ཞིག་ནང་ཀྲུང་གོའི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་རྒྱས་བཤད་ནི“མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་དང་རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད་དབར་གྱི་འགལ་བ”ཡིན་པ་རེད། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འགལ་བ་དེ“མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་སྙོམས་མེད་པ་དང་ཆ་ཚང་པོ་མེད་པའི་འཕེལ་རྒྱས་དབར་གྱི་འགལ་བར”འགྱུར་བ་བཏོན་ཡོད།
        མིག་སྔར་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ནི་དངོས་པོ་དང་རིག་གནས་ཀྱི་འཚོ་བར་རེ་བ་དེ་བས་མཐོ་བ་བཏོན་པ་མ་ཟད། དམངས་གཙོ་དང་། ཁྲིམས་སྐྱོང་། དྲང་སྙོམས། དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཐད་ཀྱི་རེ་བ་ཉིན་བཞིན་ཆེ་རུ་འགྲོ་གི་ཡོད། རང་རྒྱལ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་སྤྱི་ཡོངས་ནས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཏེ་དེ་བས་མངོན་གསལ་དོད་པའི་འགལ་བ་ནི་གྲོང་ཁྱེར་དང་གྲོང་གསེབ་དང་། ས་ཁོངས། ཡོང་འབབ་བགོ་བཤའ་སོགས་ཐད་གནས་པའི་དོ་སྙོམས་མེད་པ་དང་ཆ་ཚང་པོ་མེད་པ་སོགས་ཀྱི་གནད་དོན་དེ་དག་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོའི་ཚོད་འཛིན་གྱི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད།
        འབད་འཐབ་ཀྱི་དམིགས་ཚད་གསར་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བར།
        ཚོགས་ཆེན་བཅུ་དགུ་པ་ནས་ཚོགས་ཆེན་ཉི་ཤུ་པའི་བར་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་ཀྱི་སྦྲེལ་མཚམས་རེད། སྙན་སྒྲོན་ནང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས་ལ་དུས་བསྟུན་མདུན་སྐྱོད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབྱེད་དེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་དགོས་ཞེས་བཏོན་ཡོད།
        འབད་འཐབ་ཀྱི་དམིགས་ཚད་གསར་པའི་དུས་ཚད་ནི“ད་ལྟ་ནས་དུས་རབས་འདིའི་དུས་དཀྱིལ་བར”ཡིན་པ་དང་དེར་དམིགས་ཚད་གསུམ་དང་། དུས་མཚམས་གཉིས། གོམ་སྟབས་གཉིས་སུ་བསྐྱོད་པ་བཅས་སུ་དབྱེ་ནས“ཉེ་དུས་དང་། དུས་དཀྱིལ། རྒྱང་རིང”བཅས་ཀྱི་དམིགས་ཚད་ཟུང་འབྲེལ་ནུས་ལྡན་བྱས་ཡོད།
         སྙན་སྒྲོན་ནང་གི་བརྗོད་ཚུལ་གཞིར་བཟུང“དམིགས་ཚད་གསུམ”ནི་2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཐུབ་པ་དང་། 2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆར་མངོན་འགྱུར་ཐུབ་པ། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། ཡིད་འོང་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་བསྐྲུན་པ་བཅས་སོ་སོར་བྱ་རྒྱུ་དེ་རེད། “དུས་མཚམས་གཉིས”དང“གོམ་སྟབས་གཉིས་སུ་དབྱེ་ནས་སྐྱོད་པ”ཞེས་པ་དེ་2020ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་ལོ་བཅོ་ལྔ་འབད་འཐབ་བྱེད་པ་གཉིས་རེ་དབྱེ་ནས་བཀོད་སྒྲིག་བྱས་ཡོད།
         དོ་ཁུར་བྱེད་འོས་པ་ཞིག་ནི་སྙན་སྒྲོན་ནང་བཏོན་པའི“2035ལོར་སླེབས་སྐབས་ཀྱི་དམིགས་ཚད”ཅེས་པ་དེ་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས་དེ་སྔ་བཏོན་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་དང་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་འཕེལ་རྒྱས་ཀྱི་ཆུ་ཚད་དུ་སླེབས་པར་བྱ་རྒྱུ་དེ་2035ལོར་སྔོན་ལ་མངོན་འགྱུར་བྱེད་དགོས་པས་འཕེལ་རིམ་དེ་ལོ་15ཐུང་དུ་སོང་ཡོད་པ་རེད།
        འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་པ།
        འཕེལ་རྒྱས་ནི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་ཨང་དང་པོ་རེད། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རང་རྒྱལ་གྱི་དཔལ་འབྱོར་དེ་འཕར་ཚད་མགྱོགས་པའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་གྱུར་ནས་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག འཕར་བའི་སྒུལ་ཤུགས་བརྗེ་སྒྱུར་བཅས་ཀྱི་འགག་སྒྲོལ་དུས་མཚམས་སུ་སླེབས་ནས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་རྒྱུ་ནི་འགག་སྒྲོལ་གྱི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་དང་རང་རྒྱལ་འཕེལ་རྒྱས་འགྲོ་བའི་འཐབ་ཇུས་ཀྱི་དམིགས་ཚད་ཅིག་རེད་ཅེས་བཏོན་ཡོད།
        ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་གསར་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གནས་བབ་ཨང་དང་པོར་འཇོག་པ།
        དུས་རབས་གསར་པར་སླེབས་ཚུན་ཏང་འཛུགས་སྐྱོང་གི་རླབས་ཆེའི་འདུ་འགོད་གསར་པས་སྤྱི་འདོམས་དང་གཏན་འཁེལ་རང་བཞིན་གྱི་ནུས་པ་བཏོན་ཡོད། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བཅས་བྱེད་པར་ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས།
        སྙན་སྒྲོན་ལྟ་སྐབས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་གཞི་རྩའི་མཛད་ཇུས་གྲུབ་པའི“མཐའ་འཁྱོངས་ཁག་14”ཡི་ཁྲོད“ཐོག་མཐའ”ཡིན་པའི་དོན་ཚན་དང་པོ་དང་བཅུ་བཞི་པ་ནི“ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ”དང“ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས”བྱ་རྒྱུ་དེ་རེད། སྙན་སྒྲོན་གྱི་མཇུག་ཤོས་སུ“བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་ཏེ་ཏང་གི་སྲིད་འཛིན་ནུས་པ་དང་འགོ་ཁྲིད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས”ཞེས་གཙོ་གནད་ནན་བཤད་གནང་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཁ་གསལ་བཟོས་ཡོད།
       དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་བྱ་ཐབས་གསར་པ། འཆར་གཞི་གསར་པ་ཞིག་སྒྲུབ་ཐུབ་པའི་འགན་ལེན་བྱེད་པ།
       སྙན་སྒྲོན་ནང་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་ཕྱོགས་ཚང་མའི་ཐད་བྱ་ཐབས་གསར་པ་བརྒྱ་ལྷག་ཙམ་བཏོན་པ་དེས་འཕེལ་རྒྱས་གསར་པར་སྐུལ་འདེད་གཏོང་བ་དང་དམིགས་ཚད་གསར་པ་མངོན་འགྱུར་བྱེད་པར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད་པ་རེད།
       དམངས་འཚོ་ལེགས་གཏོང་གི་བྱ་ཐབས་ཁྲོད“བྱིས་པར་སྐྱོང་མཁན་ཡོད་པ”དང“སྐྱོ་པོ་སྐྱོར་མཁན་ཡོད་པ”ཞེས་པ་ཁ་སྣོན་བྱས་ནས་ཕྲུ་གུར་སྲུང་སྐྱོང་དང་གཅེས་སྐྱོང་བྱེད་པ་དང་དབང་པོ་སྐྱོན་ཅན་དང་གཟུགས་གཞི་ཞན་པ་དང་ཡོང་འབབ་དམའ་བ་སོགས་ཚོགས་སྤྱིར་རྒྱབ་སྐྱོར་བྱེད་པ་དང་། “གྲོང་གསེབ་བསྐྱར་དར་གྱི་འཐབ་ཇུས་ལག་བསྟར”དང“ཞིང་གསུམ”ལས་དོན་ལ་ཤུགས་སྣོན་རྒྱག་པ་སོགས་སྙན་སྒྲོན་ནང་ཕྱོགས་ཡོངས་དང་རིམ་པ་མང་པོའི་ཐོག་ནས་བྱ་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཡོད་པས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ངེས་རེད།
        བརྗོད་རིན་ཡོད་པ་ཞིག་ནི་སྙན་སྒྲོན་ནང་འབྱུང་འགྱུར་གྱི་མདུན་སྐྱོད་ལམ་བུའི་ཐོག“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་གསལ་པོ་བཟོ་བ་དང་ཆབས་ཅིག་དུས་རབས་གསར་པའི་བླང་བྱ་གཞིར་བཟུང་སླར་ཡང་བྱ་ཐབས་གསར་པ་མང་པོ་བཏོན་ནས་འཆར་གཞི་ཞིག་མཐར་ཕྱིན་པ་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་ཡོད།