མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅༎ཀྲུང་གོའི་འགྲོ་ལམ་གྱིས་འཛམ་གླིང་ལ་བློ་སྒོ་འབྱེད།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་23ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         ཀྲུང་གོའི་འགྲོ་ལམ་ནི་རང་ངོས་ཀྱི་འཚོལ་ཞིབ་བྱས་ནས་ཐོབ་པའི་གྲུབ་འབྲས་ཤིག་ཡིན།
         པེ་ཅིང་དུ་འཚོག་བཞིན་པའི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པས་འཛམ་གླིང་སྐྱེ་བོ་ཀུན་གྱི་ཡིད་ཀྱི་བརྟན་པ་འཕྲོགས་ནས་ཀྲུང་གོའི་འགྲོ་ལམ་ལ་གྲུབ་འབྲས་ཐོབ་དོན་རྩད་ཞིབ་དང་དེ་བཞིན་ཚོགས་ཆེན་བཅུ་དགུ་པས་འཛམ་གླིང་ལ་ཐེབས་པའི་ཤུགས་རྐྱེན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གླེང་མང་བའི་བརྗོད་གཞིར་གྱུར་ཡོད། འཇར་མན་གྱི་《སྤྱི་གཉེར་བའི་དུས་དེབ་》ཅེས་པའི་དྲ་ཚིགས་ཐོག་ཉེ་དུས་དཔྱད་གཏམ་པའི་རྩོམ་ཡིག་གཟའ་འཁོར་འདིར་འཛམ་གླིང་ཁྱོན་ཡོངས་ཀྱིས་ཀྲུང་གོར་ལྟ་དོན་ཅི་ཡིན་ནམ་ཞེས་པ་འཁོད་ཡོད།
         དེང་གི་འཛམ་གླིང་ལ་ལྟ་སྐབས་རྒྱལ་ཁབ་ལ་ལར་ཟིང་ཆ་ལངས་པ་དང་། རྒྱལ་ཁབ་ལ་ལར་འཕེལ་རྒྱས་ཀྱི་གཏིང་ཤུགས་མེད་པར་གྱུར་ཡོད་མོད། འོན་ཀྱང་ཀྲུང་གོས་བརྟན་པོའི་ངང་མདུན་སྐྱོད་བྱས་པར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་འགྲོ་ལམ་ལ་གྲུབ་འབྲས་ཐོབ་པར་བློ་སྒོ་འབྱེད་ནུས་ཆེན་པོ་དུ་མ་ལྡན་པ་ཡོངས་ཁྱབ་ངང་དོ་སྣང་བྱུང་ཡོད།
         ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་རང་ངོས་ཀྱི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་བཙུགས་པ་དང་འཛམ་གླིང་ཡུལ་གྲུ་ཁག་གི་ཤེས་དཔལ་གྱི་གྲུབ་འབྲས་ཕུལ་བྱུང་མཐའ་དག་དཔྱད་གཞིར་འཛིན་ནས་རང་ངོས་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱས་ཡོད།
         ཡུན་རིང་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་བསྟུན་ཉེ་རབས་ཚུན་ཡུན་རིང་གོད་ཆག་བརྒྱུད་མྱོང་བའི་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ཆེར་གྱུར་པའི་བར་གྱི་རླབས་ཆེན་འཕུར་མཆོང་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་འོད་ཟེར་ལྡན་པའི་མདུན་ལམ་བསུས་ཡོད།
         སྣེ་ཁྲིད་བྱས་པ་བརྒྱུད“ཀྲུང་གོ་སྔར་བྱུང་མྱོང་མེད་པའི་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཕྱོགས་སུ་བསྐྱོད་པ་ལས་ཀྲུང་གུང་གིས་རང་ཉིད་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཁྱད་འཕགས་རང་བཞིན་ར་སྤྲོད་བྱས་ཡོད”ཅེས་ཨུ་རུ་སུའི་《རང་བཙན་ཚགས་པར་》གྱི་དཔྱད་གཏམ་པའི་རྩོམ་ཡིག་ནང་དེ་ལྟར་འཁོད་ཡོད།
         ཀྲུང་གོའི་འགྲོ་ལམ་ལ་གྲུབ་འབྲས་ཐོབ་པ་ལས་མིའི་རིགས་ཀྱི་ཤེས་དཔལ་ཡར་རྒྱས་ཀྱི་སྣ་མང་རང་བཞིན་མངོན་ཡོད། ཀྲུང་གོས་ཀྱང་རྒྱལ་ཁབ་སོ་སོའི་རང་ངོས་ཀྱི་གནས་ཚུལ་ལ་གཞིགས་ཏེ་རང་ངོས་འཕེལ་རྒྱས་ཀྱི་འགྲོ་ལམ་འདེམས་པར་ཐོག་མཐའ་བར་གསུམ་དུ་བརྩི་བཀུར་ཞུ་བ་དང་ལྕག་སྐུལ་བྱེད་ཀྱི་ཡོད།
         ཀྲུང་གོའི་འགྲོ་ལམ་གྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ཐབས་ལམ་རྒྱ་ཆེར་བཏང་བ།
         ཨེ་ཙེ་ཨོ་ཕི་ཡའི་གསར་འགོད་པ་ཡེ་ལེས་པེ་ཅིང་དུ་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པར་བཅར་འདྲི་བྱེད་བཞིན་ཡོད། ཁོང་གི་ངོས་ནས་བརྗོད་ན་ཀྲུང་གོ་ནི་ཨེ་ཙེ་ཨོ་ཕི་ཡའི་དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་ཀྱི་མིག་དཔེ་ཡག་ཤོས་ཤིག་རེད། “ཨེ་ཙེ་ཨོ་ཕི་ཡས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ནས་ཉམས་མྱོང་བླངས་པར་བརྟེན་ང་ཚོའི་མི་འབོར་དབུལ་པོ་ཡང་ཕྱེད་ཀ་ཙམ་ཉུང་དུ་ཕྱིན་ཡོད”ཅེས་བརྗོད།
         འདས་ཟིན་པའི་ལོ་40ཡང་མི་སོང་བའི་རིང་ཀྲུང་གོར་ཡར་རྒྱས་ཆེན་པོ་བྱུང་བ་དེས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོ་ཞིག་གིས་ཉིན་རེ་བཞིན་མིག་རྒྱང་ཀྲུང་གོའི་ཕྱོགས་ལ་སྒྱུར་བ་དང་རང་ཉིད་ལ་སྤྱོད་གོ་ཆོད་ཅིང་ཕན་ཐོགས་ཡོད་པའི་ཉམས་མྱོང་ཐོབ་རེ་བྱེད་ཀྱི་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་ཆད་མེད་པར་གོང་འཕེལ་བྱུང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ཐབས་ལམ་རྒྱ་ཆེར་སོང་བ་དེས་འཛམ་གླིང་ཐོག་གི་འཕེལ་རྒྱས་མགྱོགས་པོ་ཡོང་རེ་བྱེད་མཁན་དང་། རང་ངོས་ཀྱི་རང་ཚུགས་རང་བཞིན་རྒྱུན་འཁྱོངས་ཐུབ་རེ་བྱེད་མཁན་རྒྱལ་ཁབ་དང་མི་རིགས་ལ་དཔྱད་གཞི་གསར་རྐྱང་མཁོ་འདོན་བྱས་ཡོད།
         ཕྱི་རྒྱལ་གྱི་ཉམས་ཞིབ་པས་སྟོབས་དང་ལྡན་པའི་སྲིད་སྐྱོང་ཏང་དང་སྲིད་གཞུང་ནི་ཀྲུང་གོའི་འགྲོ་ལམ་ལ་གྲུབ་འབྲས་ཐོབ་པའི་གཞི་རྩའི་འགན་ལེན་ཡིན་པ་མཐོང་ཡོད་པ་དེ་དང་དུས་མཚུངས། ནུབ་ཕྱོགས་རྒྱལ་ཁབ་ཁག་གཅིག་གི་ཆབ་སྲིད་དང་དཔལ་འབྱོར་གྱི་སྲོག་རྩ་དེ་དངུལ་རྩའི་དབང་ཆ་ཆེན་པོ་འཛིན་མཁན་ཉུང་ཤས་སམ་ཡང་ན་ཁེ་ཕན་ཚོགས་པས་སྟངས་འཛིན་བྱེད་ཀྱི་ཡོད་ཀྱང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལྟེ་བར་འཛིན་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་ཀྱི་ཡོད།
        “ཀྲུང་གོ་གུང་ཁྲན་ཏང་གིས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་ཁེ་ཕན་གནས་བབ་ཨང་དང་པོར་བཞག་པ་མ་ཟད། མི་དམངས་ཀྱི་དགོས་མཁོ་ངོ་མ་གང་ཡིན་པ་རྟོགས་པས་རེད”ཅེས་པར་ཙིར་གྱི་ཀྲུང་གོའི་གནད་དོན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ལུའོ་ཉི་·ལིང་སིས་བརྗོད།
         ཀྲུང་གོའི་འགྲོ་ལམ་གྱིས་མིའི་རིགས་ཀྱི་གནད་དོན་ཐག་གཅོད་ལ་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཕུལ་བ།
         ཕན་ཚུན་བརྩི་བཀུར་དང་། གཞུང་དྲང་དྲང་བདེན། མཉམ་ལས་གཉིས་ཁེ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་སོགས་ཐད་ཀྲུང་གོས་འདུ་ཤེས་དང་གྲོས་འགོ་རབ་དང་རིམ་པ་བཏོན་པ་དེས་མིའི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཕུལ་བ་དང་མིའི་རིགས་ལ་ཞི་བདེ་དར་རྒྱས་ཡོང་བའི་བརྗིད་ཆེའི་འཆར་གཞི་གསར་རྐྱང་ཞིག་བཀོད་ཡོད།
         “ཀྲུང་གོས་རང་ངོས་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་ཐུབ་པ་དང་། དུས་མཚུངས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ལའང་འགྲོ་ལམ་ཞིག་འཚོལ་ཞིབ་ཐུབ་ཡོད”ཅེས་ཅན་ཆའོ་སློབ་ཆེན་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་པི་ཏེ་·ནོ་ལན་གྱིས་བརྗོད།
         ཧྥ་རན་སེའི་ཙུང་ལི་ཟུར་པ་ལཱ་ཧྥ་ལན་གྱིས་མིག་སྔའི་ཀྲུང་གོས་འཛམ་གླིང་ལ་བསྒྲགས་པའི་སྐད་སྒྲ་ནི་ཕྱོགས་མང་རིང་ལུགས་ཀྱི་སྐད་སྒྲ་དང་། ཡར་རྒྱས་འཆར་འགོད་ཀྱི་སྐད་སྒྲ་རེད་ཅེས་གདེང་འཇོག་གནང་ཡོད།
         ཀྲུང་གོའི་འགྲོ་ལམ་ལ་གྲུབ་འབྲས་ཐོབ་པའི་རྒྱབ་ལྗོངས་ནས་མངོན་པ་ནི་ཤེས་དཔལ་གྱི་སྟོབས་ཤུགས་ཤིག་རེད།