མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།མི་དམངས་ཀྱི་རེ་སྒུག་གསར་པ་སྐོང་ཐུབ་པ་བྱས་ནས་དམངས་འཚོ་ལེགས་གཏོང་འགན་ལེན་བྱེད་
དགོས་ཞེས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་23ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།མི་དམངས་ཀྱི་རེ་སྒུག་གསར་པ་སྐོང་ཐུབ་པ་བྱས་ནས་དམངས་འཚོ་ལེགས་གཏོང་འགན་ལེན་བྱེད་
དགོས་ཞེས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུ།

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་22ཉིན་གྱི་ཆུ་ཚོད་10:00ཐོག ཉིན་ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཐེངས་ལྔ་པ་འཚོགས་ནས་སློབ་གསོ་པུའི་ཏང་ཙུའི་ཧྲུའུ་ཅི་པུའུ་ཀྲང་ཁྲེན་པའོ་ཧྲེང་དང་། དམངས་སྲིད་པུའི་ཏང་ཙུའི་ཧྲུའུ་ཅི་པུའུ་ཀྲང་ཧོང་ཧྲུའུ་ཤན། མི་སྤྱི་པུའི་ཏང་ཙུའི་ཧྲུའུ་ཅི་པུའུ་ཀྲང་དབྱིན་ཝུའེ་མིན། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་ཏང་ཙུའི་ཧྲུའུ་ཅི་པུའུ་ཀྲང་ཝང་མོང་ཧུའེ། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་ལི་པིན་བཅས་གདན་དྲངས་ནས“མི་དམངས་ཀྱི་རེ་སྒུག་གསར་པ་སྐོང་ཐུབ་པ་བྱས་ནས་དམངས་འཚོ་ལེགས་གཏོང་ལ་འགན་ལེན་བྱེད་པའི”བརྗོད་དོན་གཙོ་བོ་དེར་དམིགས་ཏེ་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད།
         སློབ་གསོའི་སྒྲིག་གཞི་གསར་པའི་གདུང་བཞི་ཀ་བརྒྱད་བསྐྲུན་ཟིན་པ།
         ལོ་ལྔའི་རིང་རང་རྒྱལ་གྱི་སློབ་གསོར་གཏོང་ཆ་གཏོང་ཤུགས་སྒོར་དུང་ཕྱུར་ཁྲི་3གྱི་འགག་སྒོ་ཆེ་མོ་ལས་སྒྲོལ་ནས་སློབ་གསོའི་གཏོང་ཆ་གཏོང་ཤུགས་དེས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བསྡུར་གྲངས་བཟུང་ཚད་4%རྒྱུན་འཁྱོངས་བྱས་ཡོད། སློབ་གྲྭར་དྲ་སྦྲེལ་མཐུད་ཚད་20%ཡན་ནས་90%ཡན་བར་འཕར་ཡོད། སློབ་གསོའི་ཁོངས་གཏོགས་ཀྱི་ཚན་ཞིབ་གྲུབ་འབྲས་གལ་ཆེན་ལ་རྒྱལ་ཁབ་ཀྱི་བྱ་དགའ་ཆེན་པོ་གསུམ་ཐོབ་པའི་བསྡུར་གྲངས་དེ་2/3ཡན་ནས་མི་ཆག་པ་བྱས་ཡོད། གྲོང་གསེབ་ཀྱི་ས་ཁུལ་དབུལ་པོ་དང་གྲངས་ཉུང་མི་རིགས་ས་ཁུལ་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་ཕྱིན་ནས་ཁྱིམ་ཚང་གི་ཆ་རྐྱེན་ཞན་པའི་རྐྱེན་གྱིས་སློབ་མཚམས་ཆད་པའི་ཕྲུ་གུ་གཅིག་ཀྱང་མེད་པའི་དམིགས་ཚད་སྤྱིར་ན་མངོན་འགྱུར་བྱུང་ཡོད། 80%ཡན་གྱི་ཞིང་པ་ལས་མིའི་ཞོར་ཁྲིད་བུ་ཕྲུག་གནས་སྡོད་བྱ་ཡུལ་གྱི་གཞུང་བཙུགས་སློབ་གྲྭར་སློབ་ཞུགས་ཐུབ་པ་དང་2017ལོར་ཁྲི་15ཡི་ཞིང་པ་ལས་མིའི་བུ་ཕྲུག་གནས་སྡོད་བྱ་ཡུལ་དུ་མཐོ་རྒྱུགས་ནང་ཞུགས་ཐུབ་པ་དེ་ལོ་ལྔའི་གོང་གི་ལྡབ་36.5ཡིན། བུ་བཅོལ་ཁང་ནས་སློབ་ཆེན་བར་ཁྱབ་པའི་རོགས་སྐྱོར་མ་ལག་བསྐྲུན་ཡོད།
         ད་ཆ་མཚོན་བྱེད་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་སློབ་གསོ་སྒྱུར་བཅོས་ཇུས་གཞི་ཁག་གཅིག་བཏོན་ནས་སློབ་གསོའི་སྒྲིག་གཞི་གསར་པའི་གདུང་བཞི་ཀ་བརྒྱད་བསྐྲུན་ཡོད། འོན་ཀྱང་དེ་ཐོག་ནས་སློབ་གསོ་འདི་ཉིད་མི་དམངས་ཀྱི་དགོས་མཁོ་རྦད་དེ་སྐོང་ཐུབ་པ་མཚོན་མི་ཐུབ། “དེ་སྔོན་མི་རྣམས་སློབ་གྲྭར་འགྲོ་འདོད་ཡོད། ད་ཆ་མི་རྣམས་སློབ་གྲྭ་ཡག་པོ་ཞིག་ཏུ་འགྲོ་འདོད་བྱེད་ཀྱི་ཡོད། འདི་ནི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་འགྲོ་བའི་མཚོན་ཚུལ་ཞིག་ཡིན”ཞེས་ཁྲེན་པའོ་ཧྲེང་གིས་བཤད། ཕྱིས་སུ་རང་འགུལ་ངང་སློབ་གསོའི་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པར་དོ་སྣང་བྱས་ཏེ་སྲིད་ཇུས་བཟང་པོ་རབ་དང་རིམ་པ་འདོན་ངེས་རེད། 2020ལོར་སླེབས་སྐབས་སློབ་ཞུགས་གོང་གི་སློབ་གསོའི་དུས་མཚམས་སུ་བུ་བཅོལ་ཁང་དུ་ན་འདྲེས་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད་85%ཟིན་པ་དང་ཡོངས་ཕན་རང་བཞིན་གྱི་བུ་བཅོལ་ཁང་གིས་བུ་བཅོལ་ཁང་བསྡོམས་འབོར་གྱི་80%ཡན་ཟིན་པ་བྱ་རྒྱུ་དང་། འོས་འགན་སློབ་གསོའི་དུས་མཚམས་སུ་སློབ་མ་མང་བའི་འཛིན་གྲྭ་རྦད་དེ་མེད་པ་བཟོས་ནས་སློབ་གྲྭའི་ཁུར་པོ་ཡང་གཏོང་དང་སློབ་ཕྱིའི་ཁུར་པོ་མང་སོང་གི་གནད་དོན་སེལ་རྒྱུ། མཐོ་རིམ་སློབ་འབྲིང་གི་དུས་མཚམས་སུ་ན་འདྲེས་སློབ་མ་སློབ་ཞུགས་ཐུབ་ཚད་90%ཡན་ཟིན་པ་དང་མཐོ་རིམ་སློབ་གསོའི་ན་འདྲེས་སློབ་མ་སློབ་ཞུགས་ཐུབ་ཚད་50%ཟིན་པ་བྱ་རྒྱུ་རེད།
         སྤྱི་ཚོགས་རོགས་སྐྱོབ་ལ་སྐུལ་འདེད་གཏོང་བ་དང་དབུལ་སྐྱོར་འགག་སྒྲོལ་དབར་སྦྲེལ་མཐུད་ནུས་ལྡན་ཐུབ་པ་བྱ་རྒྱུ།
        དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ནང་དམངས་སྲིད་སྡེ་ཚན་གྱིས་ནུས་པ་གང་དག་བཏོན་ཡོད་དམ། ཧོང་ཧྲུའུ་ཤན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། དམངས་སྲིད་སྡེ་ཚན་གྱིས་རོགས་སྐྱོབ་འགན་ལེན་ལམ་ལུགས་ཁྱོན་ཡོངས་ནས་འཐུས་སྒོ་ཚང་དུ་བཏང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《སྤྱི་ཚོགས་རོགས་སྐྱོབ་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས་》བཏོན་པ། “8+1”སྤྱི་ཚོགས་རོགས་སྐྱོབ་མ་ལག་ཁ་གསལ་བཟོས་པ། རོགས་སྐྱོབ་འགན་ལེན་ཆུ་ཚད་བརྟན་པོའི་ངང་མཐོ་རུ་བཏང་ནས་ཉེ་བའི་ལོ་ཤས་རིང་རྒྱལ་ཡོངས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་ལོར་ཆ་སྙོམས་10.7%དང་16%འཕར་ཡོད། རོགས་སྐྱོབ་འགན་ལེན་དོ་དམ་ལས་དོན་རྒྱུན་ཆད་མེད་པར་ཚད་ལྡན་དུ་བཏང་ནས་གནད་སྨིན་རོགས་སྐྱོབ་ཐུབ་པ་དང་འགན་ལེན་བྱེད་དགོས་ངེས་ཚང་མ་འགན་ལེན་བྱེད་ཐུབ་ཡོད། “གོམ་སྟབས་རྗེས་མར་ང་ཚོས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། དོ་དམ་ལ་ཤུགས་སྣོན་རྒྱག་པ། ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐད་མུ་མཐུད་འབད་བརྩོན་བྱས་ཏེ་སྤྱི་ཚོགས་རོགས་སྐྱོབ་དང་དབུལ་སྐྱོར་འགག་སྒྲོལ་དབར་སྦྲེལ་མཐུད་ནུས་ལྡན་ཐུབ་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཡག་པོ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།
         དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞིར་སྐུལ་འདེད་བཏང་ནས་གཞི་རྩའི་རྒན་གསོ་འགན་བཅོལ་རྒྱལ་ཡོངས་སུ་གང་མགྱོཌ་ཁྱབ་རྒྱུར་སྤྱི་འདོམས་བྱེད་པ།
        ལོ་ལྔའི་རིང་ལས་ཞུགས་དུས་བབ་སྤྱི་ཡོངས་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད།
          སྤྱི་ཚོགས་འགན་སྲུང་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ལམ་ལུགས་བཙུགས་པ་དང་། མི་ཚོགས་ལ་ཁྱབ་མང་དུ་མྱུར་པོ་ཕྱིན་ནས་རྒན་གསོ་འགན་བཅོལ་མི་དུང་ཕྱུར་9ལྷག་ཙམ་ལ་ཁྱབ་པ་དང་སྨན་བཅོས་འགན་བཅོལ་མི་དུང་ཕྱུར་13ལྷག་ཙམ་ལ་ཁྱབ་པ། ཐོབ་ཆའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཟླ་རེའི་ཆ་སྙོམས་ཚད་གཞི་སྒོར་2300ལྷག་ཙམ་ཟིན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཚད་གཞི་སྒོར་120ལྷག་ཙམ་ཟིན་པ་བཅས་རེད།
         དཔལ་འབྱོར་འཕེལ་རྒྱས་འགྲོ་འགོར་དུ་ཕྱིན་པའི་གནས་ཚུལ་འོག་ལས་ཞུགས་ཀྱི་སྤྱི་ཡོངས་བརྟན་པོ་རྒྱུན་འཁྱོངས་ཐུབ་པ་དེ་ནི་ཇི་ལྟར་བྱས་པ་ལས་བྱུང་བ་ཞིག་ཡིན་ཞེས་འདྲི་སྐབས། དབྱིན་ཝུའེ་མིན་གྱིས“ཏང་ཀྲུང་དབྱང་གིས་ལས་ཞུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དེ་ནི་རྒྱུ་རྐྱེན་གཙོ་ཆེ་ཤོས་ཤིག་རེད”ཅེས་བརྗོད་པ་དང་། ཁོང་གིས་ལས་ཞུགས་བརྟན་པོ་བྱུང་བ་དེ་ནི་རང་རྒྱལ་གྱི་དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ནས་འཕར་ཚད་འགོར་དུ་ཕྱིན་ཡང་མྱུར་ཚད་འབྲིང་མཐོ་རྒྱུན་འཁྱོངས་ཐུབ་སྟེ་ལས་ཞུགས་ལ་ཆ་རྐྱེན་བཟང་པོ་བསྐྲུན་པས་ཡིན། སྒྱུར་བཅོས་ལ་ཕན་པ་ཐོབ་པ་དང་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དེ“གློད་སྡོམ་ཞབས”སྒྱུར་བཅོས་བྱ་རྒྱུ་དང་ཟུང་འབྲེལ་བྱས་པས་ཁྲོམ་རའི་གསོན་ཤུགས་འཕེལ་ཏེ་ད་ཆ་ཉིན་ལྟར་ཁེ་ལས་ཁྲི་1.6ཙམ་གསར་འཕར་ཡོང་བཞིན་ཡོད། ལས་ཞུགས་སྲིད་ཇུས་བཟང་པོའི་ཕན་འབྲས་ཐོན་ནས་ལོ་ལྟར་རྒྱལ་ཁབ་ཀྱིས་ནོར་སྲིད་ནས་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་ཆིག་སྟོང་ཙམ་གཏོང་གི་ཡོད་ཅེས་ལན་བརྒྱབ་པ་རེད།
         དབྱིན་ཝུའེ་མིན་གྱིས་སྤུས་ཚད་དེ་བས་མཐོ་བ་དང་ལས་ཞུགས་དེ་བས་ཡག་པོ་ཡོང་བ་བྱ་ཆེད། ལས་ཞུགས་ཀྱི་སྔོན་འཇོག་འཐབ་ཇུས་དང་ལས་ཞུགས་ཀྱི་སྲིད་ཇུས་བཟང་པོ་མུ་མཐུད་མཐའ་འཁྱོངས་དང་། གཞི་ཁྱོན་ཆེན་པོས་ལས་རིགས་རྩལ་ནུས་གསོ་སྦྱོང་། ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱ་རྒྱུ་མཐའ་འཁྱོངས། ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོང་། སྤུས་ལེགས་དང་ནུས་ཆེའི་ལས་ཞུགས་ཞབས་ཞུ་བཅས་བྱེད་སྲིད་ཅེས་བཤད་པ་རེད།
         “རྒས་དུས་འཚོ་རྟེན་ཡོད་པའི”གནད་དོན་སྐོར་ལ་ལན་རྒྱག་སྐབས་དབྱིན་ཝུའེ་མིན་གྱིས་ལས་ཀ་དེའི་ཐད་དཀའ་གནད་གཉིས་འཕྲད་པ་སྟེ། གཅིག་ནི་ཇི་ལྟར་བྱས་ནས་རྒན་གསོ་འགན་བཅོལ་ཁྱབ་ཚད་མཐོ་རུ་གཏོང་རྒྱུ་དང་། གཅིག་ཤོས་ནི་ཇི་ལྟར་བྱས་ནས་རྒན་གསོ་འགན་བཅོལ་གྱི་ཐེབས་རྩ་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད་ཅེས་བཤད་པ་རེད།
          དཀའ་གནད་མཐའ་དག་བསལ་ནས་རྩེ་རིམ་ཇུས་འགོད་འདིང་བའི་ཆ་རྐྱེན་འཛོམས་སྟབས། འབྱུང་འགྱུར་རིམ་པ་བཞིན་ལག་ལེན་བསྟར་རྒྱུ་སྟེ། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞིར་སྐུལ་འདེད་གཏོང་རྒྱུ་དང་། གཞི་རྩའི་རྒན་གསོ་འགན་བཅོལ་རྒྱལ་ཡོངས་སུ་སྤྱི་འདོམས་མངོན་འགྱུར་བྱ་རྒྱུ། རྒན་གསོ་འགན་བཅོལ་གྱི་ཐེབས་རྩ་འཁོར་རྒྱུག་བྱ་རྒྱུ་བཅས་དང་། གཞུང་ཁོངས་རྒྱུ་ནོར་བཏང་ནས་སྤྱི་ཚོགས་འགན་སྲུང་གི་ཐེབས་རྩ་སོགས་འདང་ངེས་ཡོང་བ་བྱ་རྒྱུ་རེད།
གྲོང་ཁྱེར་འཛུགས་སྐྲུན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཁོར་ཡུག་སྔར་བས་སྣོད་བཅུད་དང་སྡོད་རྒྱུར་འཚམ་པ་བྱེད་པ།
         ཝང་མོང་ཧུའེ་ཡིས་ལོ་ལྔའི་རིང་སྡོད་ཁང་འགན་ལེན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི་8000ཙམ་གྱི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད། ས་ཁང་བདག་ཁོངས་སྙོམས་སྒྲིག་ཚོད་འཛིན་གྱི་ལས་དོན་ལ་ཕན་འབྲས་ཆེན་པོ་ཐོན་ནས་ས་ཁང་བདག་ཁོངས་ཁྲོམ་རའི་སྤྱི་ཡོངས་བརྟན་པོ་རྒྱུན་འཁྱོངས་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
          སྤྱི་ཁོག་ནས་བལྟས་ཚེ། རང་རྒྱལ་གྱི་གྲོང་ཁྱེར་འཆར་འགོད་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་སྦྲགས་གྲོང་ཁྱེར་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་བསྒྱུར་ཡོད། གྲོང་ཁྱེར་འཛུགས་སྐྲུན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཁོར་ཡུག་སྔར་བས་སྣོད་བཅུད་དང་སྡོད་རྒྱུར་འཚམ་པོ་བྱུང་ཡོད། ཝང་མོང་ཧུའེ་ཡིས་ལོ་ལྔའི་རིང་། གྲོང་ཁྱེར་གྱི་སྔོ་ལྗང་སྤྱི་ཆིང་ཁྲི་45.8གསར་འཕར་བྱུང་བ་དང་། གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་བྱེད་ནུས་བརྒྱ་ཆའི་གྲངས་38.9འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་བྱེད་ཚད་92.5%ཟིན་པ་བཅས་རེད། འགྱིག་བལ་གྲོང་ཁྱེར་གོ་རིམ་ལྡན་པའི་ངང་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་ས་འོག་མདོང་ལམ་སྤྱི་ལེ་1600ལྷག་ཙམ་བསྐྲུན་ཟིན་པ་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཕེལ་རྒྱས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།
         མི་སྒེར་གྱི་འཕྲོད་བསྟེན་གྱི་གཏོང་སྒོའི་བསྡུར་ཚད་ལོ་20རིང་དམའ་ཤོས་ཡིན་པ།
        “སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་དོ་སྙོམས་མེད་པའི་འགལ་ཟླ་ཐག་གཅོད་ཇི་འདྲ་བྱེད་མིན”སྐོར་འདྲི་སྐབས་ལི་པིན་གྱིས་སྨན་དང་སྨན་རྫས་ཀྱི་འཕྲོད་བསྟེན་ལམ་ལུགས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་སྨན་བཅོས་ཞབས་ཞུའི་ལེགས་ཆའི་ཐོན་ཁུངས་ཀྱིས་དཀའ་ངལ་ཡོད་པའི་ས་ཁུལ་ལ་ཁྱབ་འགྱེད་དང་སྐུལ་ཁྲིད་བྱ་རྒྱུར་སྐུལ་མ་བཏང་ནས་ས་ཁུལ་དབུལ་པོར་ཁ་གཏད་རོགས་སྐྱོར་བྱེད་པ་དང་། ས་གནས་ལ་གསོ་རིག་ཤེས་ལྡན་པ་རིན་མེད་གསོ་སྐྱོང་བྱེད་པ། དེ་མིན་དམངས་འཚོ་འགན་ལེན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཁྱིམ་ཚང་སྨན་པ་དང་གན་རྒྱ་བཞག་སྟེ་ཞབས་ཞུ་བྱེད་པའི་ཁྱབ་ཁོངས་ཆེ་རུ་གཏོང་བ་དང་། བུད་མེད་དང་བྱིས་པའི་བདེ་ཐང་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་བྱིས་ནད་ཚན་ཁག་དང་། བུད་མེད་དང་བུ་བཙའི་ཚན་ཁག སྦྲིད་སྨན་ཚན་ཁག་བཅས་ཀྱི་ཤེས་ལྡན་མི་སྣ་ཁ་ཐང་བའི་ཞན་ཆ་གསབ་རྒྱུ་རེད་ཅེས་བཤད་པ་རེད།
          གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་སྒྱུར་བཅོས་ཀྱིས་མི་དམངས་ལ་ཕན་པ་གང་ཐོབ་ཡོད་དམ། ལི་པིན་གྱིས་སྨན་བཅོས་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་རྒྱུན་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད་པ་དང་། 2016ལོའི་ལོ་མཇུག་ཏུ་རང་རྒྱལ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཁྲི་98བར་མང་དུ་སོང་ནས་སྨན་བཅོས་འཕྲོད་བསྟེན་མི་སྣ་ཁྲི་1100ལྷག་ཙམ་དང་རྒྱལ་ཡོངས་སུ་སྨན་བཅོས་བྱེད་ཚད་མི་ཐེངས་དུང་ཕྱུར་79ཟིན་ཡོད། མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཡང་དུ་རྒྱུན་མི་ཆད་པར་བཏང་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུཌ་ཚད་95%ཡན་རྒྱུན་འཁྱོངས་ཐུབ་སྟེ་སྨན་རིན་རྩིས་ཞུའི་བསྡུར་ཚད་སྔར་བས་མཐོ་རུ་སོང་ཡོད། དམངས་ལ་སྟབས་བདེ་སྐྲུན་པ་དང་དམངས་ཕན་གྱི་བྱེད་ཐབས་ཟམ་མི་ཆད་པར་བཏོན་ནས་སྨན་ཁང་86%གིས་རིམ་པ་གཅིག་པའི་སྨན་ཁང་གི་བརྟག་དཔྱད་བྱས་འབྲས་ཕན་ཚུན་ཁས་ལེན་བྱེད་པ་དང་། སྨན་བཅོས་ཞབས་ཞུའི་སྤུས་ཚད་རྒྱུན་མི་ཆད་པར་མཐོ་རུ་སོང་བ། མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་བ་བཅས་བྱུང་ཡོད་ཅེས་གསར་འགོད་པར་བཤད་པ་རེད།
           ལི་པིན་གྱིས་སྨན་བཅོས་ཀྱི་ཞབས་ཞུ་ལེགས་སུ་སོང་ཡོད་མོད། འོན་ཀྱང་མང་ཚོགས་ལ་ད་དུང་བློ་ཡིད་མི་ཚིམ་པ་ཡོད་པས། འཕེལ་རྒྱས་དོ་སྙོམས་མེད་པ་དང་ཆ་མི་ཚང་བའི་གནད་དོན་ད་དུང་སྔར་བས་ཐག་གཅོད་བྱེད་དགོས། ཕྱིས་འབྱུང་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་མང་ཚོགས་ཀྱི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་གི་དགོས་མཁོ་སྣ་ཚོགས་དང་གནད་ལ་འཁེལ་ཞིང་འཕྱུགས་པ་མེད་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།